R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༣ན
[A:༢༢༣ན]ལྟར་རབ་ཏུ་གསལ་བས་ཆོས་འཇིག་རྟེན་གང་ལ་ཡང་མཁྱེན་པ་རྒྱས་ཤིང་། སྐུ་ནི་སྒྱུ་རྩལ་མཐའ་དག་ལ་ཐོགས་པ་མི་མངའ་བ་ཞིག་ཡིན་པར་གྲགས་པ་དང་། གཞན་ཡང་བདག་ཉིད་ཆེན་པོ་འདིའི་ངོ་མཚར་བའི་རྣམ་པར་ཐར་པ་ནི། དགུང་ལོ་བདུན་བཞེས་པ་ནས་རྩ་བའི་རྒྱུད་བརྟག་པ་གཉིས་པ་འཛིན་པའི་དབུ་བཙུགས་པའི་སྔ་དྲོ་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང་། དེ་ནས་བཟུང་རྒྱུད་དེ་ཉིད་སོགས་གཞུང་ལུགས་དུ་མ་ལ་གསན་སྦྱོང་རྒྱ་ཆེན་པོ་མཛད་དེ། དགུང་ལོ་བཅོ་ལྔ་པའི་དུས་གདན་ས་ཆེན་པོར་བཤད་པ་མཛད་པས། བདག་ཆེན་ཤར་པས་ཐོག་དྲངས་ས་སྐྱ་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་ཁུར་ཏེ་ཤིན་ཏུ་ངོ་མཚར་དུ་འཛིན་པ་བྱུང་བར་གྲགས་ཤིང་། ཁྱད་པར་བླ་མ་ལ་སྲི་ཞུ་ཆེ་བས་སྐུ་གཞོན་ནུ་ཐུགས་ཀྱིས་མི་དྲན་པའི་དུས་སུ་ཡང་བླ་མའི་སྐུ་འདྲ་བཞེངས་ནས་གསོལ་བ་འདེབས་པ་དང་། བླ་མའི་གཟིམས་མལ་གྱི་འོག་ཏུ་དབུ་བཙུགས་ནས་བྱིན་རླབས་ཞུ་བ་དང་། ན་བཟའ་དབུ་ཐོག་ཏུ་འཁུར་བ་དང་། རྒྱང་རིང་པོར་བསུ་བསྐྱེལ་མཛད་པ་ལ་སོགས་པ་གུས་པའི་སྤྱོད་ལམ་མང་དུ་མཛད་པར་བཤད་ལ། དགེ་འདུན་ལ་ཡང་ཐུགས་ཤིན་ཏུ་དད་པའི་སྟོབས་ཀྱིས་དགེ་འདུན་སྡེ་ལོང་གི་ཕྱག་དང་ལྡང་བ་མི་བཞེས་ཤིང་། དགེ་འདུན་འདུས་པའི་ཡར་ཁྱུར་ཕེབས་ནས་གུས་པའི་ཕྱག་མཛད་པ་དང་། རྗེ་རང་ཉིད་ཀྱི་གསོལ་ཇ་བསྐོལ་བའི་འཕྲོས་ནས་མང་ཇ་ཕོངས་མེད་དུ་ཞུ་བ་དང་། གཞན་ཡང་མི་ཕལ་པས་བསྒྲུབ་པར་མི་ནུས་པའི་ཆེ་འགྱིང་བཅག་པའི་སྤྱོད་ལམ་མང་དུ་མཛད་ཅེས་ཐོས་ལ། དེའི་སྟོབས་ཀྱིས་སྔར་བརྩིག་དབང་ཡེ་མ་བྱུང་བའི་ལྷུན་པོ་རྩེའི་རྫོང་རོ་ཡང་བདག་ཉིད་