R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༢བ
[A:༢༢༢བ]གྲོལ་བའི་ལམ་ལ་བཀོད་པ་སོགས་མཛད་པ་རྒྱ་ཆེན་པོ་ཞིག་མཛད་ནས། དགུང་ལོ་ཞེ་དྲུག་པ་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་དང་པོའི་ཉེར་གཉིས་ཀྱི་ཚེ་རྣམ་རྒྱལ་རྩེར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཞི་བར་གཤེགས་པའི་ཚུལ་བསྟན་ཅིང་། བླ་མ་འདི་ལ་སྐུའི་སྲིང་མོ་ལྔ་བྱུང་བའི་དང་པོ་ནི། ཡ་འབྲོག་དུ་ཡར་བྱ་བ་ལ་ཁབ་ཏུ་གནང་། གཉིས་པ་སློབ་དཔོན་མ་ཁྱེད་འདྲེན་ཞེས་པ་ངམ་རིང་དུ་སི་ཏུ་རྣམ་རྒྱལ་བ་ལ་གནང་བར་གྲགས་ལ། གསུམ་པ་ནི་སློབ་དཔོན་མ་ཀུན་དགའ་འབུམ་བྱ་བ། བཞི་པ་ནི་སློབ་དཔོན་མ་ལྷ་རིན་དང་། ལྔ་པ་སློབ་དཔོན་མ་ནམ་མཁའ་འབུམ་ཞེས་བྱ་བ་རྣམས་ཏེ། དེ་དག་ནི་དབང་རྣམ་སྲས་རྒྱལ་མཚན་གྱི་སྲས་ལྕམ་སྲིང་བདུན་པོ་རྣམས་སོ། །དེ་ལྟར་བདུན་གྱི་ནང་ནས་དབང་ནམ་མཁའ་ལེགས་པའི་རྒྱལ་མཚན་ཞེས་བྱ་བ་དེས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་བརྒྱད་འཁྲུངས་ཏེ། དེ་ཡང་བཙུན་མོ་དང་པོ་ཡ་འབྲོག་པ་དཔལ་ཆེན་བྱ་བ་ལ་ལྕམ་གཉིས་འཁྲུངས་པའི་ཆེ་བ་ཡང་འབྲོག་སྟག་ལུང་པ་ལ་ཁབ་ཏུ་གནང་། ཆུང་བ་རྒྱལ་མཁར་རྩེར་གནང་བས་ཆབ་སྲིད་ཕུན་སུམ་ཚོགས་པར་བྱུང་བར་གྲགས་ཤིང་། ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། བཙུན་མོ་གཉིས་པ་མི་ཉག་མ་སེ་ཧེ་རུ་ཀ་བྱ་བའི་ཚ་མོ་མ་གཅིག་བཙུན་མ་སྐྱིད་བྱ་བ་ལ། སྲས་དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་དང་། ལྕམ་མོ་སློབ་དཔོན་མ་ཆོས་སྐྱོང་བུ་འདྲེན་ལ་སོགས་པ་སྲས་མོ་ལྔ་སྟེ་ལྕམ་སྲིང་དྲུག་བྱུང་བའི་ནང་གི་སྲས་དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་དགུང་ལོ་སོ་བདུན་པ་ཤིང་མོ་ཡོས་ལོ་འཁྲུངས་ཏེ། འདི་ནི་སྐུ་ལྷའི་ཆ་བྱད། གསུང་ཀ་ལ་པིང་ཀ་ལྟར་ཤིན་ཏུ་སྙན་པ་དང་། ཐུགས་ཉི་མའི་འོད་