R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༡ན
[A:༢༢༡ན]པ། དགེ་འདུན་གྱི་བསྙེན་བཀུར་སོགས་བསྟན་པ་རིན་པོ་ཆེའི་བྱ་བ་རྒྱ་ཆེན་པོ་བསྒྲུབས་ཤིང་། ཐུགས་དམ་ལ་ཤིན་ཏུ་བརྩོན་པའི་ངང་ནས་དགུང་ལོ་ཞེ་དགུ་པ་ས་ཕོ་བྱི་བའི་ལོ་ཧོར་ཟླ་བཞི་པའི་ཉེར་བཞི་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྨོན་མཁར་རྩེ་གདོང་ལྷུན་པོ་རྩེའི་གནས་མཆོག་ཏུ་ཞི་བར་གཤེགས་ཤིང་། བདག་ཆེན་ཆོས་ཀྱི་རྒྱལ་མཚན། ཡང་དབང་གྲགས་པ་རྒྱལ་མཚན་གྱི་བཙུན་མོ་གཉིས་པ་སྟག་ཚང་བའི་མ་གཅིག་སྲས་འདྲེན་ཞེས་བྱ་བ་ལ་ས་མོ་ཕག་གི་ལོ་བདག་ཆེན་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་འཁྲུངས་ནས། གཞོན་ནུའི་དུས་སུ་ཡབ་ཆོས་ཀྱི་ཆོས་རྣམས་དང་། གཞན་ཡང་ཕར་ཕྱིན། མངོན་པ། ཚད་མ། གསང་སྔགས་གསར་རྙིང་། ཁྱད་པར་དུས་ཀྱི་འཁོར་ལོ་ལ་སོགས་མདོར་ན་དཔལ་ལྡན་བླ་མ་དམ་པ་ཉིད་ལ་བཞུགས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཐུགས་སུ་ཆུད་པས། དཔལ་ལྡན་བླ་མ་དམ་པས་ཀྱང་བདག་ཉིད་ཆེན་པོ་འདི་ལ་བླ་བྲང་རིན་ཆེན་སྒང་དང་། སེངྒེ་སྒང་ལ་གཏོགས་པའི་ཁང་ཞིང་དང་ས་ཆ་ཐམས་ཅད་གནང་བར་གྲགས་ཤིང་། ཁྱད་པར་དུ་ཡང་གདུང་བརྒྱུད་གཞན་ལ་མེད་པའི་འཕགས་པའི་དབུ་ཞྭ། ཤེལ་དམ་གླིང་དྲུག་མ། ཏི་ཤྲཱི་ཀུན་བློའི་ཤེལ་དམ། འགྲོ་མགོན་ཕྱག་ནའི་གསེར་དམ་འཁོར་དང་བཅས་པ་ཐམས་ཅད་བདག་ཉིད་ཆེན་པོ་འདི་ལ་ཡོད་པར་བཤད་ཅིང་། གཞན་ཡང་བླ་མ་འདི་ནི་འཇིག་རྟེན་གྱི་བྱ་བ་ལ་ཐུགས་མི་འཇུག་པར་ཐུགས་དམ་ཁོ་ན་ལ་ཐུགས་གཞོལ་བ་དང་། ཁྱད་པར་སྦྱོར་བ་ཡན་ལག་དྲུག་པ་ལ་མངའ་བརྙེས་པས་སྤོས་ཞལ་ལ་ཕྱག་ཕྲེང་གི་རྗེས་དོད་པ་ལ་སོགས་པ་གྲུབ་པའི་རྟགས་མང་དུ་བསྟན་ཅིང་། གཞན་ཕན་དང་