R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༠༠བ
[A:༢༠༠བ]གདམས་ངག་གིས་གཅུན་པས། སྙུང་བ་དེ་དང་པོ་ཐུ་རུ་སོང་། དེ་ནས་ཇི་ཞིག་ན་བེམ་པ་ཙམ་བྱུང་། དེའི་རྗེས་ནས་སྔར་བསྙུང་བའི་དམིགས་རྣམས་སུ་བདེ་དྲོད་ཆེར་སྐྱེས་ཏེ་སངས་ཀྱིས་ཕན། ཕྱིས་ཡེ་ནས་བསྙུང་བ་མ་བྱུང་ཞེས་དང་། ཡང་དེའི་དུས་ན་ཏིང་ངེ་འཛིན་ལ་ཞག་བདུན་ཙམ་འབྱམས་པ་བྱུང་ཞེས་རྗེ་རང་ཉིད་ཀྱིས་གསུངས་ཞེས་གྲག་གོ །དེ་ལྟར་ཆེད་དུ་གཏད་པའི་བཅད་རྒྱ་ལྟ་བུ་མ་ཡིན་པར་རྒྱུན་གྱི་ཐུགས་དམ་ཆག་མེད་མཛད་པའི་རིམ་པ་ཡང་། ནུབ་མོ་ཉལ་བའི་རྣལ་འབྱོར་གྱིས་གཟིམས་ནས། ནང་པར་ཐོ་རངས་ཀྱི་ཚེ་ལྡང་བའི་རྣལ་འབྱོར་གྱི་ངང་ནས་བཞེངས་ཏེ། དེ་ནས་ཐོག་མར་ལམ་ཟབ་བླ་མའི་རྣལ་འབྱོར། དེ་རྗེས་བིར་སྲུང་། ཚེ་དཔག་མེད་གྲུབ་རྒྱལ་མ་སོགས་ཀྱི་ཚེ་སྒྲུབ། སྲོག་རྩོལ་ལ་སོགས་པའི་རླུང་སྦྱོར། འཕྲིན་ལས་སོ་གཉིས་ལ་སོགས་པའི་འཁྲུལ་འཁོར། མཐའ་བྲལ་གྱི་ལྟ་བ་སྐྱོང་བ་ལ་སོགས་པ་ཐུགས་དམ་གྱི་རིམ་པས་ཉི་མ་སྔ་ཕྱེད་བར་དུ་སུ་དང་ཡང་མི་མཇལ། དེ་ནས་ཕྱག་མཆོད་ལ་སོགས་པའི་ཡན་ལག་བདུན་པ་དང་སྨོན་འཇུག་གི་སེམས་བསྐྱེད་བཞེས་ཏེ། ཚ་གོང་དུ་གོང་མའི་ཕྱག་ལེན་དཀར་གཏོར་ཆ་བཞི། སྒྲོལ་མ་ཉེར་གཅིག གཟུངས་གཏོར་དང་ཆ་གསུམ། འབུལ་གཏོར། གཤེད་དམར་གྱི་དྲུག་ཅུ་པ། ལན་ཆགས་གཏོར་མ་བརྒྱ་རྩ་དང་ཆུ་སྦྱིན་སོགས་ཀྱི་རྗེས་སུ་མདོ་སྒྲུབ་ཚར་བདུན་ནམ་ཉེར་ཅིག གཞན་ཡང་བདེ་མཆོག གཤེད་དམར། ཨ་ར་པ་ཙ་ན། རྣམ་རྒྱལ་འཇོམས། སྨེ་བརྩེགས། ཤ་བ་རཱི། འོད་ཟེར་ཅན། སྤྱན་རས་གཟིགས་རྣམས་ཀྱི་མངོན་རྟོགས། བཟླས་པ། སྒྲོལ་མ་མཎྜལ་བཞི་པ། མཚན་བརྗོད་ལ་སོགས་པའི་ཞལ་