R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༥བ
[A:༡༩༥བ]ཕམ་པར་བྱེད་པ་བྱུང་བ་ལ། བདག་ཉིད་ཆེན་པོ་འདིས་དཀོན་མཆོག་ལ་གསོལ་བ་བཏབ་ཆོས་སྐྱོང་ལ་འཕྲིན་ལས་དྲག་ཏུ་བཅོལ་བས། སེར་བ་ཆེན་པོ་བབས་ཏེ་བར་སྣང་གི་དམག་ཐམས་ཅད་ས་ལ་ལྷུང་ནས། རང་ཕྱོགས་རྒྱལ་བར་མཛད་པ་སོགས་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ཞིག་སྟེ། དེ་ལྟར་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་ནས། དགུང་ལོ་ཞེ་དགུ་པ་ས་ཕོ་ཁྱིའི་ལོ་ལ་མེ་ཏོག་ར་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདས་པར་བཤད་ཅིང་། བླ་མ་འདིས་བསྙེན་པར་མ་རྫོགས་གོང་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་དང་པོ་ཡུལ་རྟ་སྟེ་ཁ་ཕྱར་པ། མིང་མ་གཅིག་དཔལ་ལྡན་བཟང་མོ་བྱ་བ་ལ་སྲས་ ད་དབོན་ཆོས་ཀྱི་རྒྱལ་མཚན། ཏ་དབེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ། ཡབ་དགུང་ལོ་ཉེར་གསུམ་པ་ཆུ་ཕོ་སྤྲེའུའི་ལོ་ལ་གཡས་རུ་ངམ་རིང་དུ་སྐུ་འཁྲུངས་ཏེ། ཡབ་མེས་ཀྱི་ཆོས་ལ་སྦྱངས་པ་ཕུལ་ཕྱིན་དང་། ཁྱད་པར་ཚད་མའི་སྐོར་ལ་གསན་སྦྱོང་མཛད་པས་རྣམ་འགྲེལ་སོགས་སྡེ་བདུན་ཕྱིན་ཅི་མ་ལོག་པར་མཁྱེན་ཅིང་། ཚོགས་ཆེན་པོར་རྣམ་འགྲེལ་དང་རིགས་གཏེར་སོགས་ཚད་མའི་གཞུང་ལུགས་དུ་མ་ལན་མང་དུ་གསུངས་ནས་ཚད་མའི་གཞུང་ལུགས་དར་བར་མཛད། གཞན་ཡང་བུ་སྟོན་རིན་པོ་ཆེ་སྤྱན་དྲངས་ནས་ལྷ་ཁང་ཆེན་མོར་རྡོར་དབྱིངས་ཀྱི་དཀྱིལ་འཁོར་བློས་བསླང་དང་། སྨན་བླའི་ཕོ་བྲང་ཆེན་པོ་བཞེངས་པ་སོགས་བྱ་བ་རྒྱ་ཆེན་པོ་མཛད། གོང་ནས་ཀྱང་ཆང་གུའི་གུང་གུག་ཤྲཱིའི་མཚན་དང་གསེར་དམ་ཆེན་མོ་གནང་ཞིང་། ཕྱིས་གང་ནས་གདན་འདྲེན་པ་བྱུང་ནས་དགུང་ལོ་ཉེར་ལྔ་བཞེས་པ་སྤྲེའུའི་ལོ་ལ་རྒྱ་ཡུལ་དུ་ཕེབས་ཏེ། རྒྱལ་པོ་ཨཱ་ཡུ་པྲི་ཏ་ར་ཞེས་བྱ་བའི་སྒོས་ཀྱི་