R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༦བ
[A:༡༨༦བ]ཡོད་དཀར་ཆག་སོགས་སུ་མི་གསལ་བ་ལ། རྗེ་འདིའི་གསུང་ལས། ས་ཆེན་ཟེར་བའི་བགྲེས་པོ་དེས་གཏེར་དུ་སྦས་པ་ཡིན་པ་འདུག་གསུངས་པ་དང་། སྒོ་རུམ་དཔེ་ཁང་སོགས་ཀྱི་རྗེ་ས་ཆེན་གྱི་ཕྱག་བྲིས་གང་ཡིན་ཐོགས་མེད་དུ་མཁྱེན་པ་ལ། རྗེ་བཙུན་རྡོ་རིང་པ་ཆེན་པོས། འདི་ལྟར་མཁྱེན་པའི་རྒྱུ་མཚན་གང་ལགས་ཞུས་པས། དེའི་རྒྱུ་མཚན་ཤིན་ཏུ་ཆེ་བ་གཅིག་ཡོད། དེ་ཙམ་གྱིས་ཆོག་གཞན་ལ་སྒྲོས་ཡེ་མ་བཏང་གསུངས་པ་སོགས་རྒྱུ་མཚན་མང་དུ་སྣང་ཞིང་། གཞན་ཡང་འདིའི་ངོ་མཚར་བའི་རྣམ་ཐར་ནི་ཁའུའི་ཆུ་ཚན་དུ་ཐུགས་དམ་ལ་འབྱམས་པའི་དུས་སུ། ལུས་དཀྱིལ་གྱི་ལྷ་བརྒྱ་ལྔ་བཅུ་རྩ་བདུན་མངོན་སུམ་དུ་གཟིགས་ཤིང་། དེའི་ནང་ནས་གསང་གནས་ཀྱི་ལྷ་ཚོགས་ཅུང་ཟད་མི་གསལ་བ་དང་། སྙིང་གའི་ལྷ་ཚོགས་ཤིན་ཏུ་གསལ་ཞིང་འོད་ཟེར་འཕྲོ་བ་ཞིག་འདུག་པ་ལ། ངེད་རང་ལ་འཕྲིན་ལས་ཀྱི་བརྒྱུད་འཛིན་ཧ་ཅང་མི་མང་། གང་ཡོད་ངེས་དོན་ལ་བློ་ཁ་ཕྱོགས་པ་ཁོ་ན་ཡོང་བ་འདུག་ཅེས་གསུང་བར་གྲགས་ལ། གཞན་ཡང་འདི་ནི་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་གྲུབ་པའི་མཚན་མ་ཕྱོགས་མེད་དུ་སྟོན་པ་ཞིག་སྟེ་སྐྱེད་ལྷས་སུ་འཇིགས་བྱེད་དྲུག་ཅུ་པའི་ཕྱག་ལེན་གྱི་འགྲིག་གནང་དུས། རྡོ་རིང་ཀུན་སྤངས་པ་སོགས་སློབ་མ་ཁ་ཅིག་གིས་ཞལ་རས་ཀྱི་མདངས་མཐིང་ནག་ཏུ་འགྱུར་བ་གཟིགས་པ་དང་། ལུམ་པ་ཆོས་མཛད་པས་དབུ་ལ་རྭ་སྔོ་སེང་སེང་འདུག་པ་མཐོང་བ་དང་། གཞན་ཡང་འཕན་ཡུལ་དུ་གཏོར་མ་ལ་མེ་འབར་བ་ཀུན་གྱིས་མཐོང་བ་དང་། རྒྱལ་རྩེར་རྗེ་འདིའི་ཞབས་ས་ལ་མ་རེག་པར་བར་སྣང་ལ་ཕེབས་པར་འཇམ་དབྱངས་དཀོན་མཆོག་བཟང་པོས་གཟིགས་