R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༠བ
[A:༡༧༠བ]ནས་ཡོས་ལོ་ཟླ་བ་གསུམ་པ་ལ་བབས་པ་ན། ཆོས་རྗེ་ཉིད་ལ་རྩེ་གཅིག་པའི་དད་པ་དང་ལྡན་པ་རྒྱ་མ་དཔོན་གྲགས་ཞེས་པས་ཞུ་བ་པོ་མཛད་དེ། དུས་འཁོར་གྱི་དབང་ཡོངས་རྫོགས་ཞུས་པ་ན་གནང་བར་ཞལ་གྱིས་བཞེས་ཏེ། ཆོས་རྗེའི་ཞལ་ནས་ཕྱིས་ཆོ་ག་བྱེད་པ་མི་འོང་པས། སྔར་གསོལ་བ་འདེབས་པའི་ཕྱོགས་ཕྱོགས་ཀྱི་དགེ་བཤེས་རྣམས་ལ་ཡང་འཕྲོད་ཐོང་ཁོང་རྣམས་ལ་ཕྱོགས་གཅིག་ཏུ་བྱེད་གསུངས་ནས། དེ་ནས་དབུས་ཀྱི་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་བདག་པོ་ཆེན་པོ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པ་གནང་ནས། ཆོས་རྗེའི་ཞལ་ནས། འོ་ཡང་ཡང་ཆོ་ག་བྱེད་པ་མི་ཡོང་བས་ཁྱེད་རྣམས་ལ་སྐད་བཏང་བ་ཡིན་ཅིང་། རྒྱ་གར་གྱི་དཀྱིལ་ཆོག་སོ་སོ་དང་། བོད་ཀྱི་ར་འབྲོ་ལ་སོགས་པའི་བླ་མ་རྣམས་ཀྱི་བཞེད་སྲོལ་རྣམས་ཀྱང་མ་འདྲེས་པར་བྱས་པས་རང་གཞན་གྱི་དོན་རྒྱ་ཆེ་བར་བསྒྲུབ་མཛོད་གསུང་བའི་ཞལ་ལྟ་ཡང་གནང་། དེའི་སྐབས་སུ་ཡང་ནམ་མཁའ་ལ་མེ་ཏོག་གི་ཆར་ཆེན་པོ་ཡང་བབས། དེ་ནས་ཚེས་བཅུ་དགུའི་ཉིན་འཇང་ཡུལ་དུ་བཞུགས་པའི་ནུབ་མོ་མནལ་ལམ་དུ། མི་མ་ཡིན་གྱི་གཟུགས་མང་པོ་ཅིག་སྐུ་མདུན་དུ་བྱུང་ནས་གྲལ་འདྲ་བ་ཅིག་བྱས་ནས། ངེད་རྣམས་ལ་ཞུ་རྒྱུ་ཅིག་ཡོད་ཟེར་ཞིང་། དེའི་ནང་གི་བུད་མེད་ཅིག་ལ་ཁྱེད་ཀྱིས་ཞུ་བ་གྱིས་ལ་འདི་ནས་གཞན་དུ་མི་འབྱོན་པར་གསོལ་བ་ཐོབ་ཅེས་ཟེར་ཞིང་འདུག་པ་ཞིག་བྱུང་བ་ལ། བུད་མེད་དེ་རང་ཆོས་རྫོང་གི་གཞི་བདག་མ་དེ་ཡིན་པའི་རིགས་སུ་འདུག་གསུངས་པ་ལ། ཆེན་པོ་དགེ་སློང་པས་དེ་ལྟར་ན་ད་དུང་ཡང་བྱོན་པ་མི་འཐད་ལགས་སམ་ཞུས་