R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༦༡ན
[A:༡༦༡ན]བློས་དཔག་པར་དཀའ་བ་ཞིག་གསན་ཏེ། མདོར་ན་མཁན་ཆེན་བུ་སྟོན་རིན་པོ་ཆེའི་གསན་ཡིག་ཏུ་ཡོད་པའི་སྔགས་ཀྱི་སྐོར་ཕལ་མོ་ཆེ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དེ། ཆོས་རྗེ་བུ་སྟོན་གྱིས་རྩོམ་པ་ཕལ་ཆེར་གྱི་བསྐུལ་བ་པོའང་མཛད་ལ། གཞན་ཡང་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུར་གྱུར་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ཐུགས་ལ་འབྱོངས་ཤིང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་སེམས་དཔའ་ཆེན་པོ་ཐོགས་མེད་པའི་ཞལ་ལའང་། ཁམས་གསུམ་རྣམ་རྒྱལ་གྱི་དབང་ལ་སོགས་པ་མདོ་སྔགས་ཀྱི་ལུང་མན་ངག་དུ་མ་གསན་ཅིང་། བདག་ཉིད་ཆེན་པོ་འདིས་ཀྱང་ཆོས་ཀྱི་དགའ་སྟོན་ཅི་རིགས་པ་སྩལ་ལ། གཞན་ཡང་སྡོམ་བརྩོན་དམ་པ་མཁན་ཆེན་གཞོན་ནུ་མགོན་པོ་ལ་བླ་མ་གོང་མ་རྣམས་ལ་མ་གསན་པའི་དབང་། བྱིན་རླབས། རྗེས་གནང་མང་པོ་དང་། བོད་དུ་ཇི་སྙེད་འགྱུར་བའི་བྱ་སྤྱོད་ཀྱི་རྒྱུད་དང་། གདམས་ངག་ཕྲན་མང་པོ་དང་། མདོ་སིལ་བུ་དུ་མ་དང་། ཕལ་པོ་ཆེའི་ཕྱེད་ཙམ་རྣམས་དང་། ཡང་ལོ་ཆེན་བྱང་ཆུབ་རྩེ་མོར་གྲགས་པ་ལ་སྒྲའི་སྐོར་རྣམས་གསན་སྦྱོང་མཛད་དེ། བདག་ཉིད་ཆེན་པོས་ཀྱང་ལོ་ཙཱ་བ་འདི་ལ་དབང་བཀའ་ལུང་བཀའ་དུ་མ་སྩལ་ཞིང་། དེ་ལྟར་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ལྔ་གཙོ་བོར་གྱུར་པའི་མཁས་གྲུབ་ཀྱི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་བསྟེན་ནས་ཐོས་པ་རྒྱ་མཚོ་ལྟ་བུ་ཞིག་མངའ་བར་མཛད་པ་ཞིག་ཡིན་ཏེ། བདག་ཉིད་ཆེན་པོ་འདིས་རྗེ་བཙུན་སྐུ་མཆེད་སོགས་གོང་མ་རྣམས་ཀྱི་གསན་ཡིག་ལ་གཟིགས་པའི་ཚེ། རྗེ་རང་གི་གསུང་ལས། རྗེ་བཙུན་གོང་