R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༩ན
[A:༡༥༩ན]མར་དཔལ་དགེས་པ་རྡོ་རྗེ་ཡབ་བཀའ་ཡུམ་བཀའ་གཉིས་ཀྱི་རྒྱུ་དབང་ཟབ་མོ་དང་། དེ་ནས་དགེས་པ་རྡོ་རྗེ་ཡབ་ཡུམ་གྱི་ལུས་དཀྱིལ་ཀྱི་དབང་དང་། གསུང་ངག་རིན་པོ་ཆེའི་གཞུང་ཁྲིད་ཡོངས་སུ་རྫོགས་པ་ཆ་ལག་དང་བཅས་པ་ཉམས་ཁྲིད་དུ་གསན་ནས། དེའི་དུས་སུ་རྟེན་འབྲེལ་བསྒྲིགས་པའི་ཕྱིར་བླ་མ་བྲག་ཕུག་པ་ཉིད་ཀྱི་གཟིམ་མལ་དུ་ཆོས་རྗེ་ཉིད་ཐུགས་དམ་མཛད་ཅིང་ཉམས་ཁྲིད་སྐྱོང་བར་བཞུགས་སུ་གསོལ་བ་ན། ཏིང་ངེ་འཛིན་གསུམ་སྐྱོན་མེད་ཐུགས་ལ་འཁྲུངས་པས། བླ་མ་བྲག་ཕུག་པའི་གསུང་གིས། རང་རེ་ཚོས་ལོ་དང་ཟླ་བར་བསྒོམས་པ་བས། དྲུང་པ་འདིས་ཞག་རེ་བསྒོམ་པ་ཏིང་ངེ་འཛིན་གྱི་སྐྱེ་ཚུལ་བཟང་བར་འདུག འདི་ནི་ཐ་མལ་པར་མི་འདུག་ཅེས་གསུངས་པ་སོགས་ཀྱི་སྒོ་ནས་བསྔགས་པ་ཡང་ཆེར་མཛད་པས་ཐམས་ཅད་ངོ་མཚར་དུ་གྱུར། དེ་ལྟར་བླ་མ་དེའི་དྲུང་དུ་སྔ་ཕྱིར་གསུང་ངག་གིས་ཐོག་དྲངས། གཞན་ཡང་བདེ་མཆོག་ལཱུ་ནག་དྲིལ་གསུམ། གཤེད་དམར་ལྷ་བཅུ་གསུམ་མ། འཇིགས་བྱེད་རྭ་ལུགས། མཧཱ་མཱ་ཡཱ། སྒྲོལ་མ་ལྷ་བཅུ་བདུན་མ་ལ་སོགས་དབང་བཀའི་རིགས་དུ་མ་དང་། རིགས་གསུམ་སྤྱི་གཏད། རིམ་ལྔའི་བྱིན་རླབས། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། བརྡ་དོན་གསལ་བ། ཀུ་རུ་ཀུལླེའི་བྱིན་རླབས་ལ་སོགས་པ་བྱིན་རླབས་ཀྱི་རིགས་དུ་མ་དང་། ནཱ་རོ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད། ཕག་མོ་ལས་བཅུ་རྣམས་ཀྱི་བྱིན་རླབས་དང་། གཞན་ཡང་ཞི་བྱེད་སོ་ནས་བརྒྱུད་པའི་བྱིན་རླབས་དང་། སེང་གདོང་ཅན་གྱི་རྗེས་གནང་། རྗེ་བཙུན་ས་སྐྱ་པའི་ཆོས་སྐྱོང་ཆེ་ཆུང་གཉིས་ཀྱི་རྗེས་གནང་། འཇམ་དཔལ་བློ་