R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༨ན
[A:༡༥༨ན]ཚར་གཉིས་གསན་ཅིང་། གཞན་ཡང་དེའི་དུས་སུ་ཐུབ་པ་དགོངས་རྒྱན་གྱི་བཤད་པ་དང་། བསླབ་པ་ཀུན་ལས་བཏུས། ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས། ཇོ་བོ་ཆེན་པོའི་ཆོས་ཆུང་བརྒྱ་རྩ། བ་རི་བ་ནས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་དང་། གཞན་ཡང་སྒྲུབ་ཐབས་རྒྱ་མཚོར་གྲགས་པ་ལ་སོགས་པ་གསན་ལ། ཡང་དགུང་ལོ་ཉེར་བཞི་བཞེས་པའི་ཚེ། བོ་དོང་ཨེར་ཚད་མ་ཀུན་ལས་བཏུས་ཕྱོགས་གླང་གིས་མཛད་པ་རང་འགྲེལ་དང་བཅས་པ་དང་། གཞན་ཡང་གཏན་ཚིགས་ཐིགས་པ། འགྲེལ་པ་བརྟག་པ་རྩོད་པའི་རིགས་པ། རྒྱུད་གཞན་གྲུབ་པ་ལ་སོགས་པ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མའི་བསྟན་བཅོས་དུ་མ་དང་། དཔལ་དགེས་པ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ་རྡོ་རྗེ་སྙིང་འགྲེལ་ལ་སོགས་པ་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཞིག་གསན་ནས་ཐུགས་སུ་ཆུད་པར་མཛད་དེ། དཔལ་དུས་ཀྱི་འཁོར་ལོ་ལ་མཆན་མཛད་པར་ཡང་བསྐུལ། དེ་ནས་འདིའི་རྒྱུད་བཤད་ཡོངས་སུ་རྫོགས་པ་གསན་ཅིང་། དེའི་དུས་སུ་ཆོས་རྗེ་ལོ་ཙཱ་བ་ཆེན་པོས་ཀྱང་བདག་ཉིད་ཆེན་པོ་འདི་ལ་ཁྱེད་ཀྱིས་དུས་འཁོར་རྒྱུད་འགྲེལ་ཅི་ནས་ཀྱང་མཁྱེན་པར་མཛོད་ཅིག་ཅེས་པའི་བཀའ་སྩལ་ལ་བརྟེན་ནས། དུས་ཀྱི་འཁོར་ལོའི་བསྟན་པའི་གསལ་བྱེད་དམ་པར་གྱུར་ནས་དུས་འཁོར་འགྲེལ་ཆེན་དུ་གྲགས་པ་ཡང་མཛད་པ་ཡིན་ཏེ། ཆོས་རྗེ་རང་ཉིད་ཀྱི་ཞལ་ནས། དེ་གོང་དུ་དུས་འཁོར་ལ་འདུན་པ་ཆེར་མེད་ནའང་། ཆོས་རྗེ་ལོ་ཙཱ་བ་ཉིད་ཀྱི་གསུང་ནན་ཆེར་བྱོན་པ་ལས། དེའི་ཐུགས་དགོངས་རྫོགས་པའི་ཆེད་དུ་འབད་རྩོལ་ཆེར་བྱས་པས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོའི་