R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༩ན
[A:༡༤༩ན]རབས་རྣམས་ལ་སོ་སོར་དབང་བསྒྱུར་བའི་གདུང་རབས་དང་། བླ་བྲང་དེ་དང་དེ་ནས་གྱེས་པའི་གདུང་རབས་ལ། དེ་དང་དེའི་གདུང་རབས་ཞེས་བརྗོད་རིགས་ཀྱི། བདག་ཉིད་ཆེན་པོའི་བཙུན་མོ་མུ་ད་གན་ལ་ལྕམ་སྲིང་གཉིས་འཁྲུངས་པའི་བསོད་ནམས་བཟང་པོ་དང་། དེའི་སྲས་རཏྣ་བྷ་དྲ་སྟེ་ཡབ་སྲས་དེ་གཉིས་དང་། ཏི་ཤྲཱི་ཀུན་བློ་རྣམས་ལ་ས་སྐྱ་སྤྱི་ལ་དབང་བའི་གདུང་རབས་ཞེས་བརྗོད་དགོས་པ་འདྲ་མོ་ཞིག་འདུག་པ་ལ། འདི་དག་ཀྱང་སོ་སོར་དབང་བསྒྱུར་བའི་གདུང་རབས་ཀྱི་ཁོངས་སུ་འདྲེན་པ་ལ་རྒྱུ་མཚན་ཅིག་ཡོང་སྣང་བས་དེ་ཉིད་སྨྲས་རིགས་སོ། །བདག་ཉིད་ཆེན་པོའི་བཙུན་མོ་སྤྱི་གྲངས་ཀྱི་བཞི་པ། ལུང་གིས་ཕུད་པའི་གསུམ་པ་ཡུལ་གླང་མཚོའི་ན་སྤེ་མ། མིང་ནམ་མཁའ་རྒྱལ་མོར་གྲགས་པ་ལ་ཡབ་བདག་ཉིད་ཆེན་པོ་དགུང་ལོ་ཞེ་བཞི་བཞེས་པ་ཤིང་མོ་སྦྲུལ་གྱི་ལོ་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ལྷ་རྩེར་འཁྲུངས་ཏེ། མཁས་པ་ནོར་བཟང་དཔལ་ལ་སོགས་པ་བསྟེན་ནས་ཐུགས་གཉེར་མཛད་པས། སྐྱེས་སྟོབས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པས་གཞོན་ནུ་ཉིད་ནས་ཡབ་མེས་ཀྱི་ཆོས་རྣམས་ཐུགས་སུ་ཆུད་པས། འཁོར་ལོ་ཆེན་པོའི་མངོན་རྟོགས་ལ་སོགས་པ་རྩོམ་པ་ཡང་ཅི་རིགས་པ་མཛད་ཅིང་། གཞན་ཡང་ཆོས་སྐྱོང་ཆེ་ཆུང་གཉིས་ཤིན་ཏུ་འགོ་བས་ནུས་པའི་མངའ་བདག་ཏུ་གྱུར་ཏེ། ཀུ་ཤ་ལ་གོ་ཐུག་རྒྱལ་པོས་ཤེལ་དམ་ཆེ་བ་དང་། ཀུན་ཏིང་གུ་ཤྲཱིའི་མཚན་གསོལ། གཞི་ཐོག་གི་གོ་སར་བཞུགས་ནས་གདན་ས། དགུང་ལོ་ཉེར་གཅིག་པ་ནས་སོ་དགུའི་བར་ཏེ་ལོ་ངོ་བཅུ་དགུ་མཛད། དེའི་བར་ལ་བསྟན་པའི་