R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣བ
[A:༡༣བ]འཛིན་ཅིང་། །ཞེས་དང་། རྡོ་རྗེ་འཆང་དང་འཇམ་མགོན་དབྱེར་མེད་པའི། །བླ་མ་མཆོག་དང་དམ་པ་ཁྱོད་ཉིད་ལ། །ཁྱད་པར་འགའ་ཡང་བདག་གིས་ཡོད་མ་ཤེས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྗེ་ས་ཆེན་གྱི་ཡབ་འཁོན་དཀོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱ་བཏབ། གདན་ས་ཡུན་རིང་དུ་མཛད་དེ་བླ་མ་འབྲོག་མི་ནས་བརྒྱུད་པའི་རྒྱུད་ཀྱི་བཤད་པ་ཤིན་ཏུ་དར་བར་མཛད། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ཆུ་ཕོ་རྟའི་ལོ་དགུང་ལོ་དྲུག་ཅུ་རེ་དགུ་བཞེས་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནས་སྒོ་རུམ་དུ་བདེ་བར་གཤེགས་སོ། །གཤེགས་ཁར་ཞལ་ཆེམས་ལ། ས་སྐྱ་འདི་ཀླུའི་ཕོ་བྲང་གི་སྟེང་ན་བརྩིགས་ཡོད་ཅིང་། དུས་ཕྱིས་འབྱོར་པ་རྒྱས། །སྤྱོད་པ་རྩིང་པས་ཀླུའི་གནོད་པ་བྱུང་ཉེན་ཡོད་པས། གྲོག་པོ་མདུང་ཚུགས་ཀྱི་སྟེང་དུ་ངའི་པུར་འདི་མ་ཉམས་པ་རིལ་པོར་མཆོད་རྟེན་གྱི་ནང་དུ་བཞུགས་སུ་ཆུག་གསུངས་པའི་ཞལ་ཏ་བྱས་པ་བཞིན། ད་ལྟ་འཁོན་སྐུ་འབུམ་དུ་གྲགས་པ་འདི་ཡིན་ནོ། ། བླ་མ་དེས་གོང་དུ་བསྟན་པ་ལྟར་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས། ཆེན་མ་རྡོ་རྗེ་ཕྱུག་མོ་ལ་སྲས་མ་བྱུང་ཞིང་། བཙུན་མོ་ཆུང་བ་ཡུལ་ཁའུའི་མདོ་དཀར་གོང་ལུང་མ། ཕ་མིང་ཞང་གཞུང་གུ་ར་བ། མ་མིང་མ་གཅིག་ཞང་མོ། དེ་ལ་སྲས་གཅིག་འཁྲུངས་པ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྟེ་དེ་ཉིད་འཁྲུངས་པའི་ཚུལ་ནི་རྒྱས་པར་གོང་དུ་བཤད་པ་ལྟར་ཡིན་ལ། སྐྱེས་ཆེན་དམ་པ་འདི་ཉིད་བལྟམས་པ་ནས་བརྩམས་ཏེ་རིམ་གྱིས་ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ནས་མཐོ་རིས་ཡོན་ཏན་བདུན་ལ་མངའ་མཛད་པ་ཡིན་