R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༡བ
[A:༡༢༡བ]ལགས། །བགྱིས་པས། འཇམ་དཔལ་སེར་པོ་འོ་སྐོལ་གཉིས་མི་ཚེ་གསོན་སྐྱལ་དུ་སོང་འདུག དེ་ཚེ་ཡི་གེར་བྲིས་ཤིག་གསུངས། ཡང་གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་པ་བྱ་བ་གཅིག་ཡོད་པར་འདུག་པ་དེ་ཅི་འདྲ་བ་ཅིག་ཡིན་གསུངས་པ་ལ། བདག་གི་ཚིག་བརྒྱད་པོ་ཤར་བས། དེའང་ལེགས་པ་ཅིག་སྣང་བས་བྲིས་ཤིག་གསུངས། ཡང་ཁྱེད་བཀའ་གདམས་པའི་ལམ་གྱི་རིམ་པ་དེ་ཇི་འདྲ། དེ་གཞུང་གང་ལ་བརྟེན་པ་ཡིན་གསུངས་པ་ལ། ངེད་བཀའ་གདམས་པའི་ལམ་གྱི་རིམ་པ་འདིས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། བྱམས་པ་སྙིང་རྗེ། བདག་མེད་རྣམ་པ་གཉིས། ཆོས་སྐུ་འཕྲིན་ལས་དང་བཅས་པ་གཅིག་སྟོན། བཀའ་གདམས་པའི་གླང་བུ་ཉལ་ས་ཡིན་པ། འདི་གང་གིས་འཁྲིད་པ་དེ་རྩ་བའི་བླ་མ་ཡིན། འདིའི་ལྟ་བ་གཏན་ལ་འབེབས་པ་དབུ་མ་བདེན་ཆུང་། བསྒོམ་པ་གཏན་ལ་འབེབས་པ་དབུ་མའི་མན་ངག སྤྱོད་པ་གཏན་ལ་འབེབས་པ་བྱང་ཆུབ་ལམ་སྒྲོན། དེ་ལྟར་གཞུང་གསུམ་པོ་དེ་ལམ་རིམ་གྱི་རྒྱབ་ཏུ་འོང་བ་ལགས་བགྱིས་པས། ཁྱེད་ཀྱི་དེ་ལེགས་པར་སྣང་། ངས་རིན་ཆེན་སྒང་པ་ལ་ལམ་རིམ་འདི་གཞུང་གང་ལ་བརྟེན་པ་ལགས་བགྱིས་པས། གཞུང་ཡོ་ནས་འདྲེན་པ་ལགས་ཟེར་བ་གཅིག་ལས་མ་བྱུང་། སྤྱིལ་ཕུ་བ་ལ་དེ་སྐད་བྱས་པས། སྐྱེས་བུ་གསུམ་ལ་བརྟེན་པ་ལགས་ཟེར་བ་གཅིག་བྱུང་གསུངས། དེ་ལྟ་བུ་ཡང་མང་པོ་གཅིག་གསུངས་སོ། །ཡང་བདག་གི་བླ་མའི་ཕ་མེས་འཁོན་ཀླུའི་དབང་པོ་བསྲུངས་པ་དེ་དུས་ཚོད་ནམ་བྱུང་། རྒྱལ་པོ་གང་དང་དུས་མཚུངས་བགྱིས་