R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢བ
[A:༡༢བ]བདག་ལ་གསང་བ་མ་ལེགས། ང་ཉིད་ལ་སྲས་ཡོད་པས་ཆོག བདག་ལ་ནོར་མི་དགོས། སྲས་ཀྱི་ཡུམ་ལ་ནོར་དགོས་པ་ཡིན་ཞུས་ནས། ས་སྐྱའི་མདུན་གྱི་མཆོད་ཞིང་མ་གཏོགས་གཞིས་ཚོ་ཐམས་ཅད་ཞང་མོ་ཡུམ་སྲས་ལ་གཏད་དོ། །འདིའི་མཆོད་ཞིང་ལ་བྱ་ཕྲ་མ་ཡིན་ཟེར་བ་དང་། སྨད་ཞིང་ཡིན་པའི་ཚུལ་གདུང་རབས་དག་ན་མི་འདྲ་བར་སྣང་ངོ་། །རྗེ་ས་ཆེན་གྱི་ཡུམ་གྱི་ཡུལ་གྱི་མིང་ལ་ཡང་མཁར་སྒོ་ལུང་མ་དག་ལ་དཀར་གོང་ལུང་ཞེས་པ་དག་པ་ཡིན་ཏེ། དེའི་རྒྱུ་མཚན་ལུང་པ་འདི་ཉིད་ན་གསེར་ཁ་ཡོད་པས། དེའི་ཁ་བུན་ལ་དཀར་གོང་འབྱུང་བས་དེའི་ལུང་པར་གྲགས་པ་ཡིན་པས་སོ་ཞེས་ཀྱང་ཡིག་ཚང་རྙིང་པ་འགའ་ཞིག་ལས་འབྱུང་བ་ཡིན་ནོ། །དེ་ལྟར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྗེ་ས་སྐྱ་པ་ཆེན་པོ་སོགས་རིགས་གསུམ་མགོན་པོའི་སྤྲུལ་པའི་གང་ཟག་ས་ཕྱོགས་འདིར་རྒྱུན་མི་ཆད་པ་འབྱོན་པ་དང་། དེ་དག་གི་བསྟི་གནས་གདན་ས་ཆེན་པོ་བསྟན་སྲུང་དང་བཅས་པ་འབྱུང་ཚུལ་ཇོ་བོ་རྗེ་དང་། སློབ་དཔོན་པདྨ་སོགས་ཀྱིས་ལུང་བསྟན་པའི་ཚུལ་ནི། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ནས་མངའ་རིས་སྟོད་སོགས་སུ་ལོ་གསུམ་བཞུགས། འབྲོམ་སྟོན་པས་སྤྱན་དྲངས་ཏེ་དབུས་སུ་ཕེབས་པའི་མར་ལམ་འབྲོང་ངུ་ལའི་རྩེར་ཕེབས་པ་དང་། དཔོན་པོ་རི་གཟིགས་པས། དེའི་ངོས་ལ་འབྲོང་ཆེན་པོ་གཉིས་རྩྭ་བཟའ་ཞིང་ཡོད་པ་གཟིགས། འཁོར་རྣམས་ལ་འདི་ལྟར་འདུག་གསུངས། དེ་ཅིའི་ལྟས་ལགས་ཞུས་པས། མ་འོངས་པའི་དུས་སུ་མ་ཧཱ་ཀཱ་ལ་གཉིས་དེར་འཕྲིན་ལས་མཛད་པའི་ལྟས་སུ་འདུག་གསུངས། དེ་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ལ་བྱེད་པ་འདི་ལུང་