R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༠༣ན
[A:༡༠༣ན]མའི་ཕྱག་གིས་བཟུང་གིན་བསམ་བསྒོམ་དང་རྗེས་ཟློས་བྱ་རྒྱུ་མང་པོ་ཡང་དག་པ་གདའ་པ་རྣམས་མཛད་ནས། འདིར་མཎྜལ་གྱི་ཆོ་ག་ཡོངས་སུ་རྫོགས་པ་བྱ་བ་གལ་ཆེ་བ་ཡིན་གསུངས་ནས་མཛད་དོ། །མཆོད་རྫས་རྣམས་ཀྱང་བདག་གི་ལག་ཏུ་རེ་རེ་ནས་བཏང་གིན། བསམ་བསྒོམ་དང་རྗེས་ཟློས་བྱེད་དུ་གཞུག་གོ །དེ་བཞིན་དུ་ཡན་ལག་བདུན་པ་ཐམས་ཅད་ལ་གདམས་ངག་ཆོ་ག་རྒྱས་པོ་མཛད་ནས། དངོས་གཞིའི་སྐབས་སུ་འདི་དཀོན་མཆོག་སྒྲོན་མ་ན་བཞུགས། མདོ་འདི་བོད་དུ་མ་འགྱུར་གསུངས་ནས་ཆོས་རྗེ་པས་ཆོ་ག་རྒྱས་པ་ལན་གསུམ་མཛད། འདི་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ན་བཞུགས་གསུངས་ནས། གང་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་གསུངས་པ་དེ་ལན་གསུམ་མཛད། འདི་ཞི་བ་ལྷའི་སྤྱོད་འཇུག་ན་བཞུགས་གསུངས་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །གསུངས་པ་དེ་ལན་གསུམ་མཛད་དོ། །དེ་རྣམས་ཟློས་པའི་སྐྱོན་དུ་མི་འགྱུར་རམ་སྙམ་ན། གྲུབ་མཐའ་གཅིག་ལ་ཟློས་པའི་སྐྱོན་དུ་མི་འགྱུར་བའི་ལུང་གཅིག་དྲངས། དེ་ནས་རྗེས་ཀྱི་ཆོ་ག་རྣམས་ཀྱང་ཤིན་ཏུ་རྒྱས་པ་མཛད། དེ་རྣམས་ཀྱི་མཚམས་རྣམས་སུ་ཡང་གདམས་ངག་གི་ཡོད་སྒོ་མང་དུ་མཛད་དོ། །དེའི་རྗེས་ལ་ཕུང་པོ་གསུམ་པའི་སྒྲུབ་ཐབས་དང་འདོན་ཐབས་གཅིག སྣང་བ་མཐའ་ཡས་ཀྱི་འཆི་ཀའི་རྣལ་འབྱོར། ཨ་ར་པ་ཙ་ནའི་སྒྲུབ་ཐབས། དེའི་ཉལ་བའི་རྣལ་འབྱོར། དེའི་བློ་འཕེལ། མཚན་བརྗོད། འདོན་ཐབས་རྣམས་གནང་བས་ནམ་ཕྱེད་ཡོལ་དུ་སོང་ངོ་། །དེ་ནས་བཅུ་བདུན་གྱི་ནུབ་མོ་ཡང་འབོད་མི་བཏང་བྱུང་བས་ཕྱིང་གུར་ཆེན་པོ་ཅིག་ཏུ་མེ་ཆེན་པོ་