R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༡ན
[A:༩༡ན]བློན་པོ་སོགས་ཀྱིས་འཁོར་གྱི་ནང་དུ་གསུངས་པའི་རྐྱེན་བྱས། བཙུན་མོ་ཆ་བུ་དེས་བླ་མ་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་། ས་སྐྱ་པའི་བསྟན་པ་ལ་གུས་ཞེན་གཞན་ལས་མཆོག་ཏུ་ཆེ་བ་ཞིག་ཡོད་འདུག་པས་འཕགས་པ་རིན་པོ་ཆེའི་སྤྱན་སྔར་བྱོན་ཏེ། སྔར་གྱི་རྒྱལ་བློན་རྣམས་ཀྱི་གནས་ཚུལ་རྣམས་སྙན་དུ་གསོལ་ནས། བླ་མས་ཀྱང་དད་པ་ཆེན་པོའི་གཞི་མི་འགྱུར་བའི་རྫུ་འཕྲུལ་མ་བསྟན་ན། རྒྱལ་པོའི་རེ་བ་ཡང་མི་ཁེངས་ཤིང་ཐུགས་ལ་འགྱུར་བ་ཡང་བྱུང་དོགས་འདུག་ཅེས་གསོལ་བ་བཏབ་པས། ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས། པཀྵི་ཆེན་པོ་རྫུ་འཕྲུལ་སྤྱིར་གདུལ་བྱ་དུས་ལ་བབས་པ་དང་། ལྷག་པར་ཁོང་གི་རྫུ་འཕྲུལ་ཡང་དོན་ལ་ངེད་ཀྱི་ཡིན། འོན་ཀྱང་རྒྱལ་པོ་དད་པ་དང་དམ་ཚིག་ཅན་གྱི་སེམས་ཀྱི་རེ་བ་མ་ཁེངས་ན་མི་ཉན་ཞིང་། རྡོ་རྗེ་ཐེག་པའི་གཞུང་ལས་ཀྱང་ཉེས་པ་ཆེ་བར་བཤད་པས་ན། ངེད་ཀྱིས་ཀྱང་དེ་ལྟ་བུའི་རྫུ་འཕྲུལ་བསྟན་ཆོག་པས། བཙུན་མོ་རང་རལ་གྲི་རྣོན་པོ་ཅིག་ཁྱེར་ཤོག་གསུངས་ནས། གྲི་ཕུལ་བས། ངེད་ཀྱི་ཡན་ལག་རྣམས་རྒྱལ་བ་རིགས་ལྔར་བྱིན་གྱིས་རློབས་པས། ཁྱེད་རང་རྒྱལ་བློན་རྣམས་ཀྱང་རིགས་ལྔའི་ཞིང་ཁམས་གང་མོས་སུ་སྐྱེ་བར་གསོལ་བ་ཐོབ་དང་ཡིད་ཆེས་པའི་ཕྱིར་དུ་གཟིམས་ཁྲིའི་ནང་ན་ཡང་ལུས་རིལ་བུར་ཡོད་པས། དེ་ལ་མཇལ་བ་མཛོད་གསུངས་པའི་བཀའ་གནང་སྟེ། དེ་བཞིན་དུ་དབུ་རྣམ་པར་སྣང་མཛད། ཕྱག་ཞབས་བཞི་རིགས་བཞིར་བྱིན་གྱིས་བརླབས་ཏེ་རྒྱལ་བ་རིགས་ལྔ་ལ། རྒྱལ་པོ་བཙུན་མོ་བློན་པོའི་བཀའ་འཁོར་དང་བཅས་པས་ལུས་ཀྱིས་ཕྱག་དང་བསྐོར་བ། ཡིད་ཀྱིས་སྨོན་ལམ་གྱ་ནོམ་པ་བཏབ་སྟེ་