R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨༦ན
[A:༨༦ན]དབང་དུ་འདུ་བ་འདུག་པས་བསམ་བཞིན་སྐྱེ་བ་བླང་དགོས་ཟེར་ནས་དེ་བཞིན་མཛད་པ་ཡིན་ལ། དེ་ནས་རེ་ཞིག་ན་ཆོས་རྗེའི་ཆག་ཕྱིར་སྐྱིད་གྲོང་དུ་བྱོན་པའི་ཚེ་གླང་རི་པའི་དགེ་འདུན་རྣམས་ཀྱིས་མཇལ་བ་དང་། བཙུན་པ་བགྲེས་པོ་ཅིག་ལ་ངའི་ཉེ་གནས་བཀྲ་ཤིས་དོན་གྲུབ་བྱུང་གསུངས་པས། དེས་ཀྱང་བླ་མར་ཤེས་ཞབས་ལ་འཇུས་ཏེ་མཆི་མ་ཕྱུང་ངོ་ཞེས་གྲགས་སོ། །དེ་ནས་དགུང་ལོ་གསུམ་པ་ལ་སྒྲུབ་ཐབས་མཚོ་སྐྱེས་ལ་སོགས་པ་ཐུགས་ལས་གསུངས་པས་ཀུན་གྱིས་ཡ་མཚན་དུ་འཛིན་ཏེ་འདི་ནི་ངེས་པར་འཕགས་པའོ་ཞེས་ཕྱོགས་ཀུན་ཏུ་གྲགས་པས་དེ་ཕྱིན་ཆད་འཕགས་པ་ཞེས་མཚན་ཡོངས་སུ་གྲགས་སོ། །བརྒྱད་པ་ལ་སྐྱེས་རབས་ཐུགས་ལས་གསུངས། དགུ་པ་ལ་ཆོས་རྗེ་པའི་སྔོན་འགྲོའི་ཆོས་འཁོར་མཛད་དུས་བརྟག་གཉིས་གསུངས། ཚོགས་ཀྱི་གཏམ་བཤད་མཛད་པས་ཐམས་ཅད་ངོ་མཚར་ཏེ་མཁས་པ་ཐམས་ཅད་ཀྱི་ང་རྒྱལ་བཅག་ཅིང་སྙན་པས་ཁྱབ་པར་མཛད་པར་གྱུར་ཏོ། །བཅུ་པ་ལ་རྗེའི་ཆག་ཕྱིར་བྱང་ངོས་སུ་བྱོན་པའི་ལམ་དུ་དབུས་སུ་ཆོས་རྗེ་པས་མཁན་པོ་ཟུལ་ཕུ་བའི་ན་བཟའ་འཕྲེད་གསོལ་གྱི་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། སྐྱོར་མོ་ལུང་པའི་མཁན་པོ་ཤེས་རབ་སེངྒེ་ལ་དགེ་ཚུལ་གྱི་བསླབ་བྱ་གསན། དེ་ནས་བཅུ་བདུན་པ་ལ་ཆོས་རྗེ་པ་ལ་མངའ་བའི་ཡོན་ཏན་ཐམས་ཅད་རྫོགས་པས་ཆོས་རྗེ་པ་ཐུགས་ཤིན་ཏུ་མཉེས་ཏེ། བསྟན་པའི་ཁུར་བཟོད་པར་དགོངས་ནས་ཆོས་དུང་དང་ལྷུང་བཟེད་ལ་སོགས་པ་གནང་། སློབ་མའི་ཚོགས་རྣམས་གཏད་ནས་བསྟན་པའི་བྱ་བ་དང་སེམས་ཅན་མང་པོའི་དོན་བྱ་བའི་དུས་ལ་བབས་པས་སྔོན་གྱི་དམ་བཅས་པ་དྲན་