R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥༢ན
[A:༥༢ན]མཚུངས་པའི་རྣམ་གཞག་དེ་ཙམ་ལ་རྟེན་པར་བྱེད་དོ། །དེ་ལྟར་ན་རིག་པའི་གནས་རྣམ་པ་ལྔ་ཤེས་པར་ཁས་འཆེ་བའི་གང་ཟག་དེ་སུ་ཡིན་ཞེས་འདྲི་ན། ས་སྐྱ་པ་སྟེ་ཞེས་ལན་གདབ་བོ། །དེའང་དཔལ་ས་སྐྱའི་གཙུག་ལག་ཁང་ན་གནས་པ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་དེ་ཡིན་ནོ། །མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་སྨྲས་པ་ཡང་སྔར་ཇི་སྐད་སྨོས་པའི་ཤེས་བྱ་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས། མིང་ཙམ་ཡང་མ་ཐོས་ཤིང་རྣམ་པ་ཙམ་ཡང་བློ་ལ་མ་ཤར་བ་བཞིན་དུ་ཤེས་བྱ་ཕྱོགས་རེ་ཙམ་ནེ་ཙོའི་འདོན་པ་ལྟར་འདྲིས་ཀྱི། རང་གིས་ལེགས་པར་ཤེས་པར་ཁས་འཆེ་བ་དེ་ཉིད་ལ་ཡང་སྒྲ་དང་། ཚད་མ་དང་། སྡེབ་སྦྱོར་དང་། སྙན་ངག་དང་། ཚིག་གི་རྒྱན་དང་། ཚིག་གི་རྣམ་པར་དབྱེ་བ་དང་། བསྡུ་བ་ལ་སོགས་པའི་སྒོ་ནས་བརྩད་ཅིང་དྲིས་ན། ཆོས་དང་མཐུན་པར་ལན་འདེབས་པ་ལ་ལུག་ལྟར་ལྐུགས་པར་གྱུར་བཞིན་དུ་མངོན་པའི་ང་རྒྱལ་གྱིས་རང་མཁས་པར་ཁས་ཆེ་ལ། གཞན་ཡོངས་སུ་རྫོགས་པའི་མཁས་པ་དག་ལ་སྐུར་པ་འདེབས་ཤིང་མི་སྙན་པར་བརྗོད་པ་ཙམ་གྱིས་འཕྲིན་ལས་གྲུབ་པར་འདོད་པའི་མཁས་པར་གྲགས་པ་དེ་དག་གཟུགས་བརྙན་དང་འདྲ་བ་ཡིན་ཏེ། ཆུ་ནང་དུ་ཤར་བའི་ཟླ་བའི་གཟུགས་ཟླ་བ་དང་འདྲ་བ་བཞིན་དུ་ཟད་ཀྱི་ཟླ་བའི་དོན་བྱེད་པ་ནི་མ་ཡིན་ནོ། །ལེགས་པར་ཤེས་པའི་མཁས་པ་གཞན་དག་གཟུགས་བརྙན་དང་འདྲ་བ་ག་ལ་སྲིད་དེ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པར་འོས་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་ཡིན་ནོ། །དེ་ལྟར་རང་