R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 209
[A:209]གེ་བ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་པོ་ཞེས་འབྱུང་བས་མཚོན་ལ། དེ་དག་གི་སྐབས་སུ་རྗེ་བྲག་དཀར་དམར་གཉིས་ཀྱིས་སྔགས་ཆོས་ཞུ་བ་པོ་གཙོ་བོར་གནང་ནས། རྗེ་བྲག་དམར་བས་འདི་སྐབས་སྡོམ་གསུམ་རིན་ཆེན་སྤུངས་པའི་ཐུགས་རྩོམ་རི་བོ་གསེར་སྡིངས་ཀྱི་ངོགས་ཡངས་དབེན་གནས་ཡང་དགོན་རྩེར་མཛད་ཅིང། རྗེ་སེམས་དཔའ་བྲག་དཀར་བས་ཆོས་མཚན་བརྒྱ་རྩ་བརྒྱད་ཀྱི་ཞུ་བ་པོ་གནང་ནས་དཔལ་གྱི་མགུར་ལས་ཉེར་འདོམས་སུ་ཡི་གེར་བཀོད་པའི་བཀའི་བསྡུ་བ་ཡང་འདི་ཡན་གྱིས་ཡོངས་སུ་གྲུབ་བོ༎ ཤིང་མོ་གླང་ལོ་vc: 1505དགུང་ལོ་དོན་བརྒྱད་བཞེས་སྐབས། སྡེ་པ་སྒར་པའི་དྲུང་སོགས་ས་ཆེན་སྐྱོང་བའི་སྟོབས་ཀྱི་རྒྱལ་པོ་ཆེན་པོ་དག་ལ་དབང་ཁྲིད་དུ་མའི་ཆོས་ཀྱི་བདུད་རྩི་སྩོལ་ཞིང། གདུལ་བྱའི་ཡུལ་དག་ལ་ཡང་མདོ་དང་སྔགས་ཀྱི་ཆོས་ཀྱི་ཆར་ཆེན་པོ་དུས་རྒྱུན་ཆད་མེད་པར་བཀའ་དྲིན་དུ་མཛད་བཞིན་པའི་སྐབས་ནས། འབྲོང་སྒང་བསམ་གྲུབ་རྩེ། སེང་གེ་རྩེ་རྣམས་སུ་ཟླ་ཕྱེད་ཙམ་དེའི་རིང་ཕེབས་བཞུད་གནང་བ་ལ་ཡང་ཐུགས་མི་ལོངས་པའི་རྣམ་པ་གནང་ཞིང། སླར་འཕྲལ་ལ་རང་ལོག་ནས་གསེར་མདོག་ཅན་དུ་ཕེབས་མ་ཐག་བློ་བདེའོ་ཞེས། དུས་རྒྱུན་ལྡན་དུ་བཀའ་ལུང་བྱོན་ཞིང། མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེན་གྱི་ངང་ཉིད་ནས་ཐུགས་དམ་གྱི་རིམ་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་སྔ་དགོངས་ཀྱི་ཐུན་གཏོར་གྱི་བར་ཉིན་གཅིག་ཙམ་ཡང་འཆག་པའི་སྐབས་མི་སྲིད་པར་དུས་འཁོར་མོར་གནང་ཞིང། སྲོད་ཆེན་ལ་ཀྼཥཎ་ས་རིའི་རྭ་དུང་ཅིག་བུས། གུ་གུལ་གྱི་དུད་པ་ཆེན་པོ་ཅིག་བཏང་བ་ནས། སང་ནམ་མ་ལངས་པར་གཟིམ་ཆུང་དུ་སུ་ཡང་མི་འགྲོ་བ་སྔ་མོ་མན་གྱི་ཕྱག་སྲོལ་ཡིན་ཞིང། སྔར་གོས་སྐུ་བཞེངས་མན་ལ་ནུབ་མོ་ཕྱག་རྔ་ཡང་བརྡུང་གནང་ཞེས་སྒྲོག་ལ། ཕྱག་རྔ་ལ་མེ་འབར་བའི་ཆོ་འཕྲུལ་དྲུང་ཆེན་སངས་རྒྱས་སེང་གེས་གཟིགས་ཤེས་རྣམ་ཐར་རྡོར་རྒྱལ་མར་བྲིས་གནང་ཞིང། རྒྱུན་དུ་ཌཱ་དྲིལ་ཡུན་རིངས་གནང།