R38: རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ལམ་འབྲས་ཀྱི་བཀའ་རྒྱ་ཐིམ་པའི་གཟིགས་སྣང་གི་གསལ་བྱེད།

  • Pagination (Witness A): ༥༨༢
[A:༥༨༢]ཞལ་བཀོད། དེའི་ཞབས་སུ་རྗེ་དེའི་གསུང་དང༌། རང་གིས་གསལ་བྱེད་དང་བཅས་པ་འདི་དཀར་ཆག་གི་ཚུལ་དུ་འབྲི་བར་མཛད་པའོ། །གཉིས་པ་དེའི་དོན་བཤད་པ་ནི། གཟུང་བདེ་བའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གིས་རྟོགས་པར་བྱ་སྟེ། ༈ རྗེ་སྐལ་ལྡན་གྱི་འདྲེན་མཆོག་ཀུན་དགའི་མཚན། །གནས་མགྲོན་ལྷ་གཡུ་ཐོག་ཏུ་ཕེབས་པའི་ཚེ། །ཆོས་གསུང་ངག་ལམ་འབྲས་ཀྱི་བཀའ་རྒྱ་དེ། །དུས་དེ་ལོ་ཡན་ཆོད་ཀྱིས་ཐིམ་པར་དགོངས། །སྐུ་དྲང་བའི་ཕྱག་གཡས་མཆོག་སྦྱིན་ཚུལ། །གཡོན་མཉམ་གཞག་གླེགས་བམ་འཛིན་བཞིན་དུ། །ངས་བཤད་པས་ཆོག་གམ་མི་ཆོག་སྙམ། །ཐུགས་ཐེ་ཚོམ་ཅུང་ཟད་འཁྲུངས་པ་ན། །འཕྲལ་དེ་ལ་གདམས་པ་བདུད་རྩིའི་རྒྱུན། །སྣོད་སྐལ་ལྡན་རྣམས་ལ་བཤད་རུང་ཞིང༌། སྲོལ་རྨད་བྱུང་ཡུན་རིངས་གནས་སོ་ཞེས། །བརྡ་དོན་ཟབ་སྟོན་པ་འདི་ལྟར་ཤར། །དབྱིངས་སྤྲོས་པ་ཀུན་བྲལ་ནམ་མཁའ་ལ། །འཇའ་ཁ་དོག་ལྔ་ལྡན་གུར་ཁང་ན། །དཔལ་སྒྱུ་འཕྲུལ་དྲ་བའི་རོལ་པ་མཆོག །དོན་བླ་མ་ལྷར་བཅས་འདི་དག་གཟིགས །རྗེ་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །མཚན་ཀུན་དགའ་སྙིང་པོར་གྲགས་ལྡན་དེ། །གཡས་མཆོག་སྦྱིན་ཕྱག་རྒྱས་དགོས་འདོད་སྩོལ། །གཡོན་པད་དཀར་འཛིན་པས་ཉེས་ཀུན་སེལ། །སྐུུ་ཟག་མེད་བདེ་བའི་གཟི་མདངས་གསལ། །ཐུགས་རབ་ཞི་ལས་བྱུང་འཛུམ་ཞལ་དང༌། །ཡོངས་འགྲོ་ལ་བརྩེ་བའི་གཟིགས་སྟངས་ཅན། །དཔལ་མཐོང་བ་དོན་ཡོད་དེ་བཞུགས་སོ། །མགོན་དེའི་གཡས་བསོད་ནམས་རྩེ་མོའི་མཚན། །སྐུ་དར་བབ་ལང་ཚོའི་གཟི་འབར་ཞིང༌། །ཕྱག་ཟབ་རྒྱས་ཆོས་ཀུན་འཆད་པའི་ཚུལ། །རྗེ་མཁས་པའི་དབང་པོ་དེ་བཞུགས་སོ། །གཡོན་གྲགས་དཀར་རྒྱལ་མཚན་འཛིན་པའི་རྗེ། །ཕྱག་གཡས་པ་ཡེ་ཤེས་རྡོ་རྗེ་བསྒྱིངས། །གཡོན་སྟོང་ཉིད་དྲིལ་བུ་དཀུར་བརྟེན་པའི། །དཔལ་གྲུབ་པའི་གཙུག་རྒྱན་དེ་བཞུགས་སོ། །གཡས་འོག་ཆར་ཐུབ་བསྟན་འཛིན་པའི་གཙོ། །ཕྱི་གནས་ལྔ་རིག་པའི་པཎྜི་ཏ། །ནང་ཡེ་ཤེས་ལྔ་ལྡན་འཇམ་པའི་དབྱངས། །ཆོས་གནས་ལྔ་འཆད་