R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༡༦
[A:༥༡༦]འཕགས་པ་གཤེགས་དུས་འདིའི་འཕྲོ་གྱིས་ཤིག་གསུངས་ནའང་སྟ་གོན་ནས་བསྐྱར་ཏེ་ཚར་གཅིག་མཛད། དེ་མན་ལ་ལོ་རེ་་ལ་ཚར་རེ་མཛད། བླ་མ་སངས་རྒྱས་རྒྱལ་མཚན་ལ་སོགས་པས་གྲངས་སུ་བཏབ་ནས་བརྩིས་པས་སོ། །ཡང་སྦྱོང་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་དང་བཅས་པའི་སྒོ་ནས་དབང་བསྐུར་གྲངས་མེད་པ་མཛད། གཞན་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་ཟུར་བཀའ་ནི། ཀྱེ་རྡོ་རྗེ་ལུགས་བཞི་སོགས་རྒྱ་གར་ནས་བོད་དུ་འགྱུར་ཞིང་བཀའ་མ་ཆད་པའི་ཟུར་བཀའ་རྣམ་པར་དག་པ་བདུན་ཅུ་དོན་བརྒྱད་ཙམ་རྒྱུན་དུ་ཀ་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་པས་སྔགས་ཀྱི་སྡོམ་པ་གནང་བའི་གྲངས་ཀྱང་རྗེ་རིན་པོ་ཆེ་ཉིད་ལས་མང་བ་ཡོད་ཐབས་ག་ལ་ཡོད། དེ་ལྟ་བུའི་དབང་བསྐུར་བ་དེ་ལ་སྤྱིར་རྒྱུད་སྡེ་བཞི་ལ་དབང་བསྐུར་གྱི་བབས་མི་འདྲ་བ་བཞི་ཡོད་པ་ལས་ནང་གསེལ་གྱི་དབྱེ་བ་རྒྱུད་སྡེ་རེ་རེ་ལ་ཡང་མི་འདྲ་བ་མཐའ་ཡས་ཤིང༌། བརྒྱུད་པའི་བཀའ་སྲོལ་གྱི་དབང་གིས་དཀྱིལ་འཁོར་རེ་ལ་ཡང་དབང་བསྐུར་གྱི་ཆོ་ག་མི་འདྲ་བའི་ཁྱད་པར་དུ་མ་ཡོད་པ་རྣམས་ལ། དཀྱིལ་འཁོར་གང་དུ་རྒྱུད་སྡེ་དང༌། བརྒྱུད་པ་གང་གི་ལུགས་ཀྱི་དབང་བསྐུར་མཛད་ཀྱང༌། ལུགས་དེ་ལ་དགོས་ཤིང་བཤད་པའི་ཆོ་ག་རྣམས་ཚིག་གཅིག་ཀྱང་མ་ཚང་བ་མེད་པ་དང༌། ལུགས་དེ་ལ་མི་དགོས་ཤིང་མ་བཤད་པ་རྣམས་ཚིག་རེ་ལ་ཡང་མ་འདྲེས་པར་ཤིན་ཏུ་དག་པར་མཛད་པས། དེ་ལྟ་བུའི་དབང་བསྐུར་བ་རེ་ཐོབ་ན་ཡང་རྒྱུད་སྡེ་ནས་བཤད་པའི་དབང་མཚན་ཉིད་པ་རེ་ཐོབ་པ་ཡིན་པས་ཤིན་ཏུ་དོན་ཆེའོ། །ཕྱག་ལེན་གྱི་རྣམ་གཞག་འདི་གཅིག་པུས་ཀྱང་བསྟན་པའི་བྱི་དོར་དང༌། བླ་མ་གོང་མའི་དགོངས་པ་ལེགས་པར་གསལ་བར་བྱས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ཕྲེང་བ་ལ་སོགས་པ་དང༌། ཟུར་བཀའི་རིགས་ཇི་སྙེད་ཡོད་པ་རྣམས་ཀྱི་དབང་བསྐུར་དུས་ནམ་མཛད་དགོས་ཀྱང་དེ་འཕྲལ་ལ་ཐོགས་མེད་དུ་མཛད་པས་ཆོག་པ་ཡིན་ནོ། །དེ་ལྟར་སྡོམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་སོ་སོའི་རྒྱུད་ཚོད་དང་མཐུན་པའི་ཚུལ་