R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༡
[A:༤༩༡]ཞེས་གུ་གེ་པཎ་ཆེན་གསུངས། ཆོས་དཔལ་བཟང་པོས། ཉི་མ་ཕྱེད་ཙམ་ན་རྟགས་བྱུང་བར་བཤད། ཟླ་བ་གཅིག་ལ་ལམ་རྟགས་རྣམས་མཐར་ཕྱིན་པར་མཛད་དོ། །ཉི་ཤུ་པ་ལ་བསྙེན་རྫོགས་མཛད་ཚུལ་སོགས་སྔར་བཤད་ཟིན། གསན་ཡིག་ཏུ་མི་གསལ་བ་ཅུང་ཟད་བཤད་ན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ། ཕར་ཕྱིན་བུ་ཊཱིག་གི་སྟེང་ནས་ཚར་ལྔ་གསན་ཞེས་ཆོས་དཔལ་བ་གསུངས། པཎྜི་ཏས་ཕྱེད་དང་ལྔ། རྗེ་མུས་པས་བཞི་གསན་གསུང་ཞིང༌། མཁན་ཆེན་བུདྡྷ་ཤྲཱི་པའི་ཟིན་བྲིས་ཀྱི་སྟེང་ནས་ཀྱང་གསན་གསུང༌། མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ། དབུ་མ་རྩ་ཤེ །འགྲེལ་པ་ཚིག་གསལ། དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ། རྒྱུད་བླ། སྤྱོད་འཇུག་རྣམས་རྫོགས་པར་གསན་ནོ། །གཞན་ཡང་གསང་བ་འདུས་པའི་བཤད་རྒྱུད་དགོངས་པ་ལུང་སྟོན། རྡོ་རྗེ་ཕྲེང་བ་ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཏེ་བཤད་རྒྱུད་རྣམ་པ་བཞིའི་ལུང་དང༌། སྒྲུབ་ཐབས་མདོར་བྱས། མདོ་བསྲེས། རྣམ་གཞག་རིམ་པ། ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ། ཀླུ་བྱང་གིས་དཀྱིལ་ཆོག་ཉི་ཤུ་པ། ཟུང་འཇུག་གསལ་བ། དཀྱིལ་ཆོག་དང༌། རྡོ་རྗེ་སེམས་དཔའི་མཆོད་ཆོག་གཉིས་ནག་པོ་པས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཟླ་གྲགས་ཀྱིས་མཛད་པ་རྣམས་གསན། །གཞན་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་དང༌། འགྲེལ་ཆེན་སྒྲོན་མ་གསལ་བ། འགྲེལ་བཤད་མཐའ་དྲུག་གསལ་བ། བཤད་རྒྱུད་ཀྱི་མན་ངག་གསང་བའི་སྒོ་འབྱེད་རྣམས་ཀྱི་སྟེང་ནས་བཤད་བཀའ་གསན། ཡང་རྫོགས་རིམ་རིམ་ལྔའི་གཞུང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྤྱོད་པ་བསྡུས་པའི་སྒྲོན་མེ། བདག་བྱིན་གྱིས་བརླབ་པ། མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་འཕགས་པ་ལྷས་མཛད་པ། རིམ་པ་ཁོང་བསྡུས་ཀླུ་བྱང་གིས་མཛད་པ་རྣམས་གསན། ཡང་རྫོགས་རིམ་ཟབ་མོ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་ཉམས་ཁྲིད་ལན་གསུམ་གྱི་