R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༧༧
[A:༢༧༧]བསྒྱུར་བ་ལས། སླད་ཀྱིས་སུ་མ་ཏི་ཀཱིརྟི་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གིས་གཏན་ལ་ཕབ་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས་བསྟན་པའི་རིམ་པ་བཞི་པའི་དོན། སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས། དགེ་སློང་གྲགས་པ་ཤེས་རབ་ཀྱིས་བསྒྱུར་བ་རྣམས་ཐོས་པའི་བརྒྱུད་པ་ནི། བླ་མ་འཕགས་པ། བླ་མ་དུས་འཁོར་བ། བླ་མ་འཇམ་དབྱངས་པ། བླ་མ་བག་སྟོན་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །བདེ་མཆོག་ཡི་གེ་བདུན་པའི་སྒྲུབ་ཐབས། སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང༌། ཀློག་ཀྱ་ཤེས་རབ་རྩེགས་ཀྱིས་བསྒྱུར་བ་ལས། ཕྱིས་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པ་ཐོས་པའི་བརྒྱུད་པ་ནི། ནག་པོ་གཞུང་དྲུག་དང་མཐུན་ནོ། །བདེ་མཆོག་གི་མངོན་རྟོགས་ཀྱི་རྣམ་འབྱེད་ཇོ་བོ་རྗེས་མཛད་པ། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྡོ་རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་རྡོ་རྗེ་གདན་པ་ནིསྐ་ལཾ་ཀའི་ཞལ་སྔ་ནས་དང༌། དཔྱལ་ཆོས་ཀྱི་བཟང་པོས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་གདན་པ་ནིསྐ་ལཾ་ཀའི་ཞལ་སྔ་ནས། དཔྱལ་ལོ་ཙཱ་བ། བླ་མ་པད་མོ་ཅན་པ། ཉི་མ་དཔལ། མཁན་ཆེན་གཞོན་ཡས། དཔལ་རིན་ཆེན་བཟང་པོ། རྗེ་བཙུན་ཨརྻ་ཤྲཱི། འགྲོ་མགོན་ཀུན་དགའ་ཉི་མ། ཀུན་མཁྱེན་ཆོས་རྒྱལ་ཤེས་རབ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༼པ༽པ་ལ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་ཨུ་རྒྱན་གྱི་མི་དབང་ཨིནྡྲ་བུདྡྷིས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་ནཱ་ལེནྡྲ་པ་དང༌། ལོ་ཙཱ་བ་དགེ་སློང་པྲ་ཛྙཱ་ཀཱིརྟིས་བསྒྱུར་བ་ཐོས་པའི་བརྒྱུད་པ་ནི། གཞུང་དྲུག་དང་གཅིག་གོ །རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་