R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡༤ན
[A:༡༤ན]ཞིང་དང་བ་འདྲེན་པ་མང་པོ་སྐྱེས་འདུག་པ་ལས། ལོ་མ་གཅིག་ཞལ་དུ་བཅུག་ནས་མྱངས་པས། ཇ་བཟང་པོའི་བྲོ་བ་འདྲ་བ་ལ་རྗོད་མི་ཤེས་པའི་བྲོ་བ་གཞན་ཡང་ཡོད་པ། ཟོས་པ་ཙམ་གྱིས་ཐུགས་རིག་དྭངས་ཤིང་བདེ་བའི་ཉམས་སྐྱེ་བ། གཞན་འདོད་ཡོན་ཐམས་ཅད་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཡ་མཚན་ཅན་དུ་འདུག་ནས། དེ་ལ་སྒྲུབ་རྒྱགས་མཛད་པས། ཟས་སྐོམ་གཉིས་ཀའི་གོ་ཆོད་དེ། སྐུ༌[B:༣༠] ལེགས་པར་བཞོས་ཤིང་གཟི་མདངས་དང་[C:282]སྟོབས་ཀྱང་འཕེལ་བར་གྱུར་ལ། ཐུགས་དམ་གྱི་རིམ་པ་ནི་འབད་རྩོལ་མི་དགོས་པར་ཤིན་ཏུ་འཕེལ་བར་བྱུང་བས། ཐུགས་དགོངས་ལ་ཟས་ཡ་མཚན་ཅན་འདི་ཕྱིར་ཡུལ་ལ་ཐེགས་དུས་ཅུང་ཟད་བསྣམས་ནས། སླར་ལེན་པར་བཏང་ལ་མིའི་ཡུལ་རྣམས་སུ་ངོ་མཚར་བའི་ཞིམ་ཟས་མཛད་དོ་དགོངས་པ་ཤར་བ་ལ། ཇི་སྲིད་གནས་དེར་བཞུགས་ཀྱི་རིང་ལ་ནི་རི་ཀླུང་མཐའ་དག་གང་འདུག་ཀྱང༌། ཕྱིར་ཐེགས་ཀར་བསྣམས་རྒྱུ་བཙལ་བས་ལོ་མ་གཅིག་ཀྱང་མ་རྙེད་པ། ཕལ་ཆེར་མཁའ་འགྲོས་བསྒྲུབ་རྒྱགས་ལ་སྤྲུལ་ནས་སྤྲུལ་པ་བསྔུས་པ་ཡིན་ནམ་སྙམ་གསུང་བར་གྲགས་ཏེ། དེ་ཁོ་ནར་གོར་མ་ཆག་གོ །དེ་ལྟར་དཔའ་བོ་མཁའ་འགྲོས་སྤྲུལ་པའི་སྒྲུབ་རྒྱགས་ལ་བརྟེན་ཏེ། མི་ཟས་ལ་སྲེད་པ་སྐྱུངས་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པས། ཟབ་མོའི་ཐུགས་དམ་རིན་པོ་ཆེ་གོང་དུ་འཕེལ་བ་ལས་ཟབ་ཅིང་ཞི་བ་སྤྲོས་པ་དང་བྲལ་བའི་འོད་གསལ་ཆེན་པོ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་བདུད་རྩི་མངོན་སུམ་དུ་བརྙེས་ཏེ། གནས་འདི་ཉིད་དུ་གནས་ལུགས་དོན་གྱི་རྟོགས་པ་མངོན་དུ་གྱུར་པའི་རྡོ་རྗེའི་གསུང་མགུར་ཀྱངཡང་མང་དུ་གསུངས་སོ། །དེ་ལྟར་ཟབ་མོའི་ཏིང་འཛིན་