R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༤ན
[A:༤༤ན]སྐྱེས་པ། རྒྱབ་ཀྱི་རྗེས་སུ་འབྲངས་པ་སྔགས་ནག་བན་ཕུར་ཐོགས་པ་བརྒྱ། བུད་མེད་རྣམས་ནད་བདག་མ་མོ་ནག་མོར་སྐྱེས་པ་མདུན་གྱི་ཤུལ་བྱང་འདྲེན་པ་བུད་མེད་ནག་མོ་རལ་གྲི་ཐོགས་པ་བརྒྱ། གཞན་ཡང་དེ་དག་གི་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་སྟོང་གསུམ་ཐམས་ཅད་མྱུལ་ཞིང་སེམས་ཅན་ཐམས་ཅད་ལ་འཚེ་ཞིང་སྲོག་འཕྲོག་པར་བྱས་སོ། །དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་སྤྲུལ། ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་དབང་མེད་པར་བཀུག་སྟེ་སྤྲུལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར། དམ་ལ་བཏགས། ཁོང་རྣམས་ཀྱིས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས། བསྟན་པ་ལ་སྡང་བ། སེམས་ཅན་ལ་འཚེ་བ། སྒྲུབ་པ་པོ་ལ་བར་ཆད་བྱེད་པ་རྣམས་སྒྲོལ་བའི་ཤན་པར་ཁས་བླངས། ཟས་སྐལ་དུ་དེ་དག་གི་