R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨༣བ
[A:༡༨༣བ] ནས་བསྐལ་པ་ཆགས་འཇིག་གི་བར་དུ་བཞུགས་སུ་གསོལ་བའོ། །དེ་ཡང་གཏོར་མ་དངོས་གཞི་གཟུངས་དང་བཅས་པ་ལྷར་བསྐྱེད་པ་ཡིན་གྱི་མཐེབ་ཀྱུ་རྣམས་ནི་དུས་བཞིར་གསོ་ཞིང་བདུད་རྩིར་བྱིན་གྱིས་བརླབས་ནས་བསྔོ་བའོ། །གཉིས་པ་ནི་ཆོས་སྐྱོང་ལྕམ་དྲལ་ཉིད་ལ་གཏོར་མ་ལག་ལེན་ལྟར་བཤམས་ནས། དེའི་སྟེང་དུ་ལྕམ་དྲལ་བསྐྱེད་ནས་གཏོར་མ་དེ་ལ་འབྲལ་མེད་དུ་བཞུགས་པར་གསོལ་བ་གདབ། དུས་བཞིར་གསོལ་ཞིང་། དུས་བཞིར་བསྔོའོ། །མཐར་གཏོང་བའི་ཚེ། གཏོར་མ་ཚབ་བཤམས་གྲུབ་ནས་ཁང་པའི་ཡང་ཐོག་ལ་སོགས་པར་སྤྱི་སྟབས་བྱས་ནས་འབུལ་བའོ། །འདི་ནི་དམ་ཚིག་གི་རྟེན་དུ་འཛིན་པའི་གཏོར་མ་ཡིན་པས་འཛིན་གཏོར་ཞེས་ཀྱང་བྱའོ། །འདི་ལ་ཡི་གེ་སློབ་དཔོན་པདྨས་མཛད་པ་ཡོད་ཅིང་། དེ་ཉིད་ལས། བཞེད་དགུ་འབྱུང་བར་བྱིན་གྱིས་བརླབས། །དེ་སྟེང་པདྨ་ཉི་མའི་སྟེང་། །ལྷག་པའི་ལྷ་ནི་བཞི་རྫོགས་བསྐྱེད། །དེ་འོག་ལྕམ་དྲལ་བསྐྱེད་གཞུག་ཅིང་། །