R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧༣བ
[A:༡༧༣བ] མཛད་པ་གོང་དང་མི་འགལ་ལམ། །དེས་ན་ཡབ་ཡུམ་ལྕམ་སྲིང་ལྕམ་དྲལ་དང་། །གཙོ་འཁོར་སྦགས་སྒྲུབ་སོ་སོར་དབྱེ་བ་དང་། །ངེས་ཚིག་གཞུང་དང་མཐུན་པ་ཇི་འདྲ་མཆིས། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །དེ་ལྟ་བུའི་གོང་གི་སྦགས་སྒྲུབ་དེ་རྣམས་ཀྱི་ནང་ནས། ལོ་ཆེན་གྱིས་ལྕམ་དྲལ་ལྷ་གསུམ་ལ་གཙོ་བོར་མཛད། བྲག་སྟེང་པས་བཅུ་གཉིས་མ་ལ་གཙོ་བོར་མཛད། བླ་ཆེན་མལ་ལོས་མཁའ་འགྲོ་ལྷ་བརྒྱད་སྦགས་སྒྲུབ་ལ་གཙོ་བོར་མཛད། རྗེ་ས་ཆེན་གྱིས་ལྷ་བཅུ་གཉིས་མ་འདི་བསྒྲུབས་ན་བྱིན་རླབས་ཆེ་བ་ལ་དགེ་སྦྱོར་གཞན་ལ་གནོད་པར་འདུག་གསུངས་སོ་ཞེས་གྲགས་སོ། །གཉིས་པ་ནི། མཆོག་ཏུ་ཟབ་པ་ངོས་བཟུང་བ་ལ། གོང་གི་སྒྲུབ་ཚུལ་དེ་ཐམས་ཅད་ཀྱང་ཁྱད་པར་འཕགས་པ་ཡིན་མོད་ནའང་། འདི་དག་རང་ལ་ལྟོས་ཏེ་ཟབ་ཁྱད་འཇོག་པའི་དབང་དུ་བྱས་ན། སྤྱིར་ཕོ་རྐྱང་དུ་སྒྲུབ་པ་ནུས་པ་ཆེ་