R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༥བ
[A:༣༥བ]མ་ཚོར་བར་སྦས་ཏེ། བདུད་སྨྲ་པོ་ལག་རིང་དང་། ནམ་གྲུ་ཁྲམ་ཐོགས་ཀྱིས་སྒོ་བཅད། བདུད་དམག་གི་རྒྱལ་མོ་དང་། ས་བདག་གི་རྒྱལ་མོ་གླིང་གི་མ་མོ་རྣམས་ཀྱིས་ཁང་པ་དེ་བསྲུང་ཞིང་འཁོད་དོ། །དེའི་ཚེ་ལྷ་མོ་དུང་སྐྱོང་མ་དེས། སྔོན་གྱི་ཁོལ་མོ་རེ་མ་ཏི་རོ་ལངས་མ་བདུད་ཀྱི་བུ་མོར་སྐྱེས་པ་དེ་བཀུག་ནས་བྲན་དུ་བཀོལ་འདོད་པས། དཔལ་ཕྱག་ན་རྡོ་རྗེའི་སྔགས་བྱེ་བ་ཕྲག་བཅོ་བརྒྱད་བཟླས་པས། གསང་སྔགས་དེའི་བྱིན་རླབས་ལས་གྲུབ་པའི་མཁའ་འགྲོ་མ་ཏིང་ངེ་འཛིན་གྲུབ་པ་མོ་ཞེས་བྱ་བ་ལག་ན་པདྨ་དང་ཐོད་ཕྲེང་ཐོགས་པ་གཅིག་བྱུང་ནས་དེས་བདུད་ཡབ་ཡུམ་ཕོ་བྲང་ཀུན་བྱིན་གྱིས་བརླབས། བདུད་ཀྱི་རྒྱལ་པོ་དང་། བློན་པོ་དང་། འཁོར་རྣམས་དྲན་པ་མེད་པར་མྱོས་པར་གྱུར་ཏོ། །དེའི་ཚེ་བདུད་ཀྱི་བུ་མོ་རེ་མ་ཏིས་སྔོན་གྱི་རྗེ་མོ་དུང་སྐྱོང་མ་དྲན་ནས་ཡིད་འཕྱོས་ཏེ་དེའི་སྤྱན་སྔར་འགྲོ་འདོད་པའི་བསམ་པ་དྲག་པོ་བྱུང་ནས། ཕ་བདུད་རེ་ཏི་འགོང་གཡག་གི་མཚོན་བདུད་ཀྱི་ཁྲམ་