R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༤བ
[A:༣༤བ]བུ་བདུད་ཁ་རག་ན་བོ་ཞེས་བྱ་བ་གཅིག་བྱུང་། འདི་ནི་རྣམ་ཐོས་སྲས་དྲག་པོ་རྟ་སྔོན་ཅན་བདུད་མོ་བཞིས་བསྐོར་དུ་གྲགས་པ། སློབ་དཔོན་ཀླུ་སྒྲུབ་དང་དགའ་རབ་རྡོ་རྗེས་བསྒྲུབས་ཏེ། མུ་སྟེགས་ཉི་མ་གྲུབ་པ་དང་། སྟག་གཟིག་གི་རྒྱལ་པོ་ཁྲི་མུན་ལ་སོགས་པ་འདུལ་མཁན་དེ་ཡིན་ཞེས་གསུངས་སོ། །བོང་བུ་ནི་གྭ་དམར་གཡུའི་རྣ་བ་ཅན། རླུང་གི་གཤོག་པ་ཅན། མིག་མཇུག་མ་ལ་ཡོད་པ་ཞིག་ཏུ་གྱུར། བྱ་ནག་མོ་དེ་ཡང་སྤྱི་བོ་ན་རིན་པོ་ཆེ་ཡོད་པ་ཅི་བསམ་འགྲུབ་པ་ཞིག་ཏུ་གྱུར་ཏེ། དེ་གཉིས་གཏན་གྱི་ནོར་སྐལ་དུ་བྱེད་དོ། །དེ་ནས་ཁོལ་མོ་རེ་མ་ཏི་ཕུར་པའི་ལྷ་དེ་ནི་རྒྱ་མཚོའི་ནང་དུ་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱི་བུ་མོར་སྐྱེས་སོ། །དེ་ཡང་ལུས་ཕྱེད་སྐམ་པ་ཆུ་སྲིན་གྱི་མགོ་བོ་ཅན་གཅིག་ཏུ་གྱུར་ཏེ། མིང་ཡང་ཀླུ་མོ་གཞོགས་སྐམ་ཆུ་སྲིན་མགོ་ཀླུ་མོ་རེ་མ་ཏི་ཞེས་བྱ་བར་གྲགས། ཀླུ་མོ་རེ་མ་ཏི་དེ་ཉིད་ཞག་དགུ་བཅུ་ན་ཚེ་འཕོས་ཏེ། ཡུལ་དྲི་ཟའི་