R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༦བ
[A:༡༣༦བ]གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ལུང་བསྟན་ཞུ་བ་མཛད་དེ། གང་བྱུང་བ་དེ་བཀའ་སྩལ་པས་ཀུན་ལ་བསླུ་མེད་ཀྱི་གདེང་ཁེལ་ཁོ་ན་འབྱུང་བ་ཞིག་ཡོད་འདུག་ཅིང་། དིང་སང་གི་དུས་འདིར་བསྟན་འཛིན་ཀུན་གྱི་བླ་ན་བཞུགས་ཤིང་འཕྲིན་ལས་ཀྱིས་ཕྱོགས་མེད་ཁྱབ་པ་འདི་ཡང་། མུས་ཆེན་འཇམ་པའི་དབྱངས་དེ་ཉིད་ཀྱི་བྱིན་རླབས་ཐུགས་རྒྱུད་ལ་འཕོས་པའི་དགེ་མཚན་ལས་བྱུང་བར་ངེས་ཏེ་སྔོན་རྗེ་འདི་སྐུ་གཞོན་ནུའི་དུས་ཡངས་པ་ཅན་དུ་བཞུགས་སྐབས། རྗེ་དཀོན་མཆོག་རྒྱ་མཚོ་གནས་དེར་བྱོན་པའི་དུས་ཐམས་ཅད་དུ་ཞབས་དྲུང་དུ་ཡང་ཡང་བྱོན་གསུངས་ནས། ཕྱེ་མར་རྡག་བཅང་མ་ཕྱག་སྤར་དོ་གསུམ་རེ་དང་རྗེ་དེ་ཉིད་རང་གི་གསོལ་བ་བཞེས་འཕྲོ་རྣམས་རྒྱུན་པར་གནང་ནས། འདི་རྣམས་གཞན་ལ་མ་སྟེར་བར་རྫོགས་པར་ཟོ་གསུངས་པའི་བཀའ་ཕེབས་རྒྱུན་དུ་གནང་བ་ཞིག་ཡོད་འདུག་པ་དང་། ཆོས་ར་དང་ཕེབས་ལམ་སོགས་གང་དུ་མཇལ་ཡང་། རྗེ་མུས་ཆེན་ཉིད་སྤྱན་