R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣བ
[A:༡༡༣བ]སྡིང་གི་བྱ་འདབས་འདྲ་འདྲི་ཆོས་རྫོང་ཁམས་གསུམ་ཟིལ་གནོན་དུ་བཞུགས་པར་གནང་བ་ལ། དུས་ཕྱིས་ཁོ་བོ་ཅག་གིས་དཔལ་ས་སྐྱར་སྤྱན་དྲངས་ནས་བཞི་ཐོག་བླ་བྲང་དུ་བཞུགས་སུ་གསོལ་བ་འདི་ཡིན་ལ། འདི་ལྟ་བུའི་ངོ་མཚར་རྟེན་གང་དུ་བཞུགས་པའི་གནས་དེ་ནི། ཞིང་སྐྱོང་དབང་པོའི་ཕོ་བྲང་མེ་འབར་གྱི་གཙུག་ལག་ཁང་ཞིག་དང་བྱིན་རླབས་མཉམ་པའི་ངེས་ཤེས་དང་ལྡན་པ་ལགས་ཤིང་། དེ་ལྟར་བཤད་པའི་རྣམ་ཐར་དེ་དག་ནི། སྔོན་གཉན་ལོ་ཆེན་པོའི་བྲན་དུ་ཞིང་སྐྱོང་དབང་པོ་ཉིད་ཀྱིས་བྲམ་ཟེའི་གཟུགས་དང་བན་ཆུང་གི་རྣམ་པར་སྤྲུལ་ནས་གོ་རེ་ལེན་གྱི་ཞབས་ཏོག་མཛད་པར་གྲགས་པ་དང་ཚུལ་མཚུངས་པར་གདོན་མི་ཟ་བས་ཤིན་ཏུ་ངོ་མཚར་བའི་གནས་སུ་ཤེས་པར་བྱའོ། །འཕྲིན་ལས་ཀྱི་མགོན་པོ་པུ་ཏྲ་ཆེན་པོ་ཡང་རྒྱུན་པར་ཞབས་འབྲིང་པའི་ཚུལ་དུ་བཞུགས་པ་ཡིན་ཏེ། ཉིད་ཀྱི་གསུང་མགུར་བདེ་ཆེན་ཕུན་ཚོགས་སུ། འདུག་གྲོགས་སུ་པུ་ཏྲ་ངོ་མཚར་ཆེ། །ཞེས་གསུངས་པ་དང་།