R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩ན
[A:༡༠༩ན]ལས་ཀྱང་། གདུག་ལ་བྱམས་པ་ཉིད་མི་བྱ། །ཞེས་གསུངས་པ་ལྟར། བླ་མ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་གདུག་ཅན་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་བསྒྲལ་བར་མ་བྱས་ན། རིག་པ་འཛིན་པའི་དམ་ཚིག་ཀྱང་ཉམས་པར་འགྱུར་བར་གསུངས་པ་ཡིན་ཏེ། གསང་སྔགས་སྔ་འགྱུར་བ་རྣམས་ཀྱི་རྒྱུད་དག་ལས་ཀྱང་། ཉམས་པ་དུས་སུ་མི་སྒྲོལ་བ། །དེ་ཡང་དམ་ཚིག་ཉམས་པ་ཡིན། །ཞེས་དང་། གཞན་ཡང་གསང་སྔགས་གསར་འགྱུར་བ་ལ་གྲགས་པའི་རྩ་ལྟུང་བཅུ་བཞི་པའི་གཞུང་ལས་ཀྱང་། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་གསུངས་སོ། །དེས་ན་སངས་རྒྱས་ཀྱི་བསྟན་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་བདུད་དང་མུ་སྟེགས་ལ་སོགས་པ་ནག་ཕྱོགས་ལ་དགའ་བ་རྣམས་ཀྱིས་བར་ཆད་བྱེད་པར་སངས་རྒྱས་རང་ཉིད་ཀྱིས་གསུངས་ཤིང་། དེ་དག་བཟློག་ཅིང་གཞོམ་པར་བྱེད་པའི་ཐབས་ཀྱང་རྡོ་རྗེ་འཆང་ཉིད་ཀྱིས་རྒྱུད་སྡེ་རིན་པོ་ཆེ་དྲི་མ་མེད་པ་རྣམས་ལས་