R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༧བ
[A:༡༧བ]དུར་ཁྲོད་འདིར་ལོ་དགུའི་བར་དུ་ཚུལ་ཁྲིམས་བསྲུང་། དཀའ་ཐུབ་བྱས་ནས་སེམས་ཅན་གྱི་དོན་བྱེད་པར་སེམས་བསྐྱེད་པ་ལ། ཁྱེད་རྣམས་ཀྱིས་བར་ཆད་བྱས་ཏེ་བསད་པས། ང་ཤི་མ་ཐག་ཏུ་གནོད་སྦྱིན་ཆེན་པོ་མ་རུང་བ་ཞིག་ཏུ་གྱུར་ནས། སྤྱིར་སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པར་གྱུར་ཅིག ཁྱད་པར་དུ་གྲོང་ཁྱེར་གསུམ་བརྩེགས་ཀྱི་རྒྱལ་པོ་རྒྱལ་སྲིད་དང་བཅས་པ་ཐམས་ཅད་ཀྱི་གཤེད་མར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །དེ་ནས་དགེ་སློང་དེའི་བདེན་པའི་མཐུ་དང་། སྔར་དབང་ཕྱག་ཆེན་པོ་ལ་སྐྱབས་སུ་སོང་ཞིང་། དེས་དངོས་གྲུབ་བྱིན་པའི་སྟོབས་ཀྱིས། སངས་རྒྱས་ཀྱིས་སྔར་ལུང་བསྟན་པ་བཞིན་དུ་དགེ་སློང་དེ་ཤི་མ་ཐག་རི་རབ་ཀྱི་ཟོམ་དུ་ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མ་གཉིས་ཀྱི་བུར་སྐྱེས་སོ། །དེ་ཡང་ཇི་ལྟར་བྱུང་ཞེ་ན། རི་རབ་ཀྱི་བྱང་ཤར་མཚམས་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་ཀྱང་བྱ། དཔག་བསམ་གྱི་ཤིང་ཞེས་ཀྱང་བྱ། ཨ་ཤྭཏྠ་ཞེས་ཀྱང་བྱ། རྩ་བ་