R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༥ན
[A:༡༦༥ན] འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ་ཟེར་བ་མཁའ་འགྲོས་ཡི་གེ་བྲིས་པ། ཀཽ་ཤམྦྷིའི་པཎྜི་ཏ་དེ་ཝ་མ་ཏིས་མཐོང་ནས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་བརྒྱུད་དེ་བོད་ཉིད་ལས་རྩད་ཆོད་དོ་ཞེས་བླ་མ་རྗེ་བཙུན་ཆེན་པོས་གསུངས། གཉིས་པ་ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟར་མངའ་བ་ལ་བཞི། དགུང་ལོ་བཅུ་བདུན་མན་ཆད་ཀྱི་རྣམ་པར་ཐར་པ་དང་། ཉི་ཤུ་རྩ་བདུན་ཡན་ཆད་ཀྱི་རྣམ་པར་ཐར་པ་དང་། ཉེར་བརྒྱད་མན་ཆད་ཀྱི་རྣམ་པར་ཐར་པ་དང་། ཁྱད་པར་དུ་ས་ལམ་ཇི་ལྟར་བརྙེས་པའི་ཚུལ་ལོ། །དང་པོ་ནི། སྔོན་གནས་དྲན་ཞིང་བྱིས་པའི་སྤྱོད་པ་སྤངས། །འདོད་ལྷས་ཞལ་བསྟན་རྒྱུད་སྡེ་རྒྱ་མཚོ་ཡི། །དྲང་ངེས་དོན་ལ་བློ་རྒྱས་བཅུ་བདུན་ཚེ། །གངྒཱ་ཚུན་ཆད་ཡོངས་སུ་གྲགས་ལ་འདུད། །ཅེས་པ་སྟེ། རྒྱ་གར་དུ་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་བཅུ་གཅིག་ཏུ་