R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨ན
[A:༨༨ན] བླ་མ་ལ་ཕྱི་ཕྱག་ཕུལ་ནས་བྱོན་པའི་ལམ་དུ་པཎྜི་ཏ་ཀ་མ་ལ་གུཔྟ་དང་མཇལ་ནས་གདམ་ངག་མང་དུ་གསན། སྔར་ཡུལ་དུ་གཟིགས་པའི་བེའུ་བུམ་གྱི་ནང་ན་མཁའ་འགྲོ་མ་གསེར་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ཟབ་མོ་ཡོད་པ་པཎྜི་ཏ་དེས་མཁྱེན་པར་འདུག་པས་ཞུས། མཁའ་འགྲོ་མ་དེ་སྔར་གྱི་ལུང་སྟོན་མཁན་དེ་ཡིན་པས། དེ་མན་ཆད་མ་དང་སྲིང་མོའི་ཚུལ་དུ་འགྲོགས་ནས་གྲོགས་བྱེད་དོ། །དེ་ནས་ཁ་ཆེར་ལོ་ཇི་ཙམ་སོང་བརྩིས་པས་ལོ་བདུན་སོང་འདུག་ན། ད་ཕ་དང་འཕྲད་དུ་འགྲོ་དགོས་དགོངས་ནས་གདམ་ངག་རྣམས་གྲོ་ག་སེར་པོ་ལ་བྲིས་ཏེ་རྒྱའི་བེའུ་བུམ་མཛད་ནས་བསྣམས་འབྱོན་པར་དགོངས་པའི་ཚེ། སྔར་ཡུལ་དུ་ལུང་བསྟན་ལ། རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ། །ཟེར་བ་དེ་དྲན་ནས་དཔེ་ཆ་རྣམས་ཤྲདྡྷ་ཀ་རའི་ཕྱག་ཏུ་བཞག་ཅིང་། རྐང་མགྱོགས་ཀྱི་དངོས་གྲུབ་བརྙེས་པས་རྒྱ་གར་ཤར་ཕྱོགས་ལ་བྱོན།