R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༣ན
[A:༨༣ན] ཨ་ཨཱ། ཨི་ཨཱི་སོགས་དབྱངས་གསལ་གྱི་སྔགས་གསུངས་ཤིང་། ས་ལ་ཡང་དེ་ལྟར་བྲིས་ཏེ། ཐལ་མོ་སྦྱར་བས། ཡབ་ན་རེ། འདི་ལས་འཕྲོ་ཅན་གཅིག་འདུག་གསུངས་ནས། ན་བཟའ་སེར་པོ་བསྐོན་ཏེ་དགེ་བསྙེན་མཛད། དགུང་ལོ་བཅུ་གསུམ་པ་ལ་མཁན་པོ་ལེགས་པ་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་རིན་ཆེན་བཟང་པོ་ཞེས་གསོལ། དེའི་ཚེ་འདུལ་བ་རྒྱ་འགྲེལ་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད། དགུང་ལོ་བཅུ་བདུན་ལོན་པའི་ཚེ། ཨུ་རྒྱན་ནས་བྱོན་པའི་པཎྜི་ཏ་གཅིག་གིས་ཡུམ་ལ་བསོད་སྙོམས་བསླངས་ཏེ་གསོལ་ནས་བཞུད་པའི་ཤུལ་ན། རྒྱ་གར་ཡི་གེའི་བེའུ་བུམ་ལེགས་པོ་གཅིག་འདུག་པ་དེ་ཞལ་ཕྱེ་ནས་གཟིགས་པ་ཐུགས་ཀྱི་བསམ་པ་ལ་བེའུ་བུམ་འདིའི་ནང་ན་གདམས་ངག་ཁྱད་པར་ཅན་ཡོད་ངེས་ཏེ། རྒྱ་ཡིག་མི་ཤེས་པས་མི་གོ་དགོངས་ཏེ་ཐུགས་ཕྱུང་ནས་ཤིང་གི་བསིལ་གྲིབ་གཅིག་ལ་