R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༠བ
[A:༧༠བ]ཕན་འདོགས་པ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཞབས་སམ་ནཱ་ག་ཛུ་ན་ཞེས་གྲགས་པ་དེས། མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་མཚོན་ཆར་དྲེགས་པ་ཕོ་མོའི་རྒྱུད་སོགས་ལ་བརྟེན་ནས་མགོན་པོ་འཁོར་བཅས་ཀྱི་སྒྲུབ་ཐབས་དུ་མ། ཁྱད་པར་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་རྣམས་རྡོ་རྗེ་གདན་གྱི་ཀ་བ་ལ་སྦས་ནས་བཞག་གོ །སློབ་དཔོན་ཆེན་པོ་འདི་ཆུ་བོ་གངྒཱའི་འགྲམ་དུ་ཤིང་ལྗོན་པའི་བསིལ་གྲིབ་ལ་བསོད་སྙོམས་ལ་བྱོན་པའི་རྗེས་སུ་ནག་པོ་ཆེན་པོ་འབྱོན་པ་བྲམ་ཟེ་མཆོག་སྲེད་ཀྱིས་ཕྱི་ནས་གཟིགས་ཏེ། ནག་པོ་ཆེན་པོ་བདག་ལ་ཞལ་སྟོན་ཅེས་བོས་པས་ཕྱིར་གཟིགས་པ་ཡིན་ནོ། །ཞེས་གྲགས་ཤིང་། དིང་སང་དེ་འདྲའི་སྐུའི་རྣམ་འགྱུར་ལ་མགོན་པོ་ཤིང་དྲུང་མའི་ཐ་སྙད་བྱེད་དོ། །གཞན་ཡང་རྒྱ་གར་གྱི་གྲུབ་ཆེན་ཨ་བྷ་ཡས་ཞལ་གཟིགས་ཀྱི་མགོན་པོ་