R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣བ
[A:༦༣བ]ལ་ཆོས་སྐྱོང་གནང་། འདིའི་སྐབས་ཀྱི་སློབ་དཔོན་ནག་པོའི་ངོས་འཛིན་ལ་རྗེས་འབྲངས་ཕལ་ཆེར་སྒྲུབ་བྱེད་རྣམ་དག་མེད་བཞིན་དུ་རང་གི་བློ་བཟོ་བྱེད་པ་མང་བར་བྱུང་བས། དོན་འདི་ལ་དགོངས་ནས་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། ཐོག་མར་བཀའ་བབས་རྣམ་བཞིའི་བརྒྱུད་པའི་སྐབས། །སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱི། །ཕོ་རྐྱང་རྣམ་བཞིའི་སྒྲུབ་ལུགས་གསན་གྱུར་པའི། །སློབ་དཔོན་ནག་པོ་པ་དེའི་ངོས་འཛིན་ཅི། །ཞེས་གསུངས་པ་ཡིན་ལ། རང་ལུགས་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་སློབ་མ་ཤར་ཕྱོགས་ནག་པོ་པ་ཉིད་ཡིན་ཏེ། རྗེ་ས་ཆེན་གྱི་ཕྱག་བྲིས་དངོས་སྒོ་རུམ་དཔེ་ཁང་ནས་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་རྙེད་པའི་བརྒྱུད་ཡིག་ཏུ་ཕོ་རྐྱང་གི་ཐོག་མའི་བརྒྱུད་རིམ་ནི། ཀླུ་སྒྲུབ། ཨརྻ་དེ་ཝ། བིརྺ་པ། ནག་པོ་པ། བྲམ་ཟེ་མཆོག་སྲེད། ཅེས་འབྱུང་བ་དང་། དེ་དང་མཐུན་པར་མགོན་པོ་སྔོན་བྱུང་གི་བརྒྱུད་ཡིག་ཏུ། ཀླུ་སྒྲུབ་ལ་