R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༤༩
[A:༤༩]ནུབ་པ་དང༌། དེ་བཞིན་དུ་ཇོ་བོ་རྗེ་དང༌། རྔོག་ལོ་ཙཱ་བ་ལ་སོགས་པ་འདས་པ་ན་ལོ་ཉེས་པ་དང་མི་ངས་ཆེན་པོ་བྱུང་བར་ཐོས་ལ། རྗེ་ས་སྐྱ་པ་ཆེན་པོ་ཉིད་འདས་པ་ན་ཡང་དེ་བཞིན་དུ་གྱུར་ཏོ་ཞེས་གྲགས་ཏེ། འདི་ལྟར་འབྱུང་བའི་རྒྱུ་མཚན་ཡང༌། གང་ཟག་དམ་པ་དེ་འཇིག་རྟེན་དུ་བྱོན་པ་ན། དེའི་བསོད་ནམས་ཀྱིས་འཇིག་རྟེན་ཐམས་ཅད་བདེ་བར་འཚོ་ཞིང༌། གཞན་དུ་གཤེགས་པ་ན་འཇིག་རྟེན་འདིར་མི་དགེ་བ་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་སྐུ་ཡོལ་བའི་དགུན་ཕྱི་མ་བྱི་བའི་ལོ་རྒྱལ་གྱི་ཟླ་བ་ལ། སྡེ་སྣོད་འཛིན་པ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་ཆོས་ལས་སྐྱེས་པའི་སྲས་རྣམས་ཀྱིས་ལག་ལེན་བྱས་ནས་ཕྱོགས་རིས་ཀྱི་སློབ་མར་གྱུར་པའི་དགེ་བའི་བཤེས་གཉེན་དང༌། སློབ་བཞིན་པའི་གྲྭ་པ་རྣམས་དང༌། ཡོན་བདག་དང་འཁོར་དུ་གཏོགས་པ་རྣམས་ཀྱིས་མ་བཀྲལ་བར་རང་རང་གི་བདོག་པ་ཐམས་ཅད་མཆོད་པའི་ཕྱིར་ཕུལ་ཏེ། འགའ་ཞིག་གིས་ཁྲི་ཚོ་དབུལ་བཏབ། དེ་བཞིན་དུ་སྟོང་ཕྲག་ལྔ་དང༌། བཞི་དང༌། གསུམ་ལ་སོགས་པ་ནས། ལྔ་བརྒྱ་དང༌། བཞི་བརྒྱ་དང༌། སུམ་བརྒྱ་དང་བརྒྱ་དང་ཐ་མས་ཀྱང་བཅུ་ལས་མི་ཉུང་བ་ཕུལ་ལོ། །དེ་ནས་ཕྱོགས་རིས་ཀྱི་དགེ་བའི་བཤེས་གཉེན་རྣམས་སྤྱན་དྲངས་ནས། སྡེ་སྣོད་མཐའ་དག་གསུང་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་བཙུགས་ཏེ་ཡོ་བྱད་རྒྱ་ཆེན་པོས་འཚེར་འགྲིབ་མེད་པར་བག་ཡངས་སུ་སྤྱོད་ཅིག་ཅེས་པའི་བསྒོ་ནས་ཟད་ལེན་དུ་ཕུལ་ཏེ། སྡེ་སྣོད་རིན་པོ་ཆེ་གསུམ་ལ་འཆད་པ་དང་རྩོད་པའི་གྲྭ་ཆེན་པོ་བཙུགས་ནས་བདེ་བར་གཤེགས་པའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱས་སོ། །དེ་ནས་རྒྱལ་གྱི་ཟླ་བ་ཟད་ལ་ཁད་པ་ན། གཙུག་ལག་ཁང་ཆེན་པོ་རྣམས་དང༌། དགེ་བའི་བཤེས་གཉེན་རྣམས་དང༌། དགེ་འདུན་སྟོང་ཕྲག་བདུན་ལས་མི་ཉུང་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བའི་ཡོན་ཕུལ་ཏེ། དེ་ཡང་