R127: ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།

  • Pagination (Witness A): ༢༦༡ན
[A:༢༦༡ན]ལྟ་བུ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་ཞལ་གྱིས་བཞེས་པ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཡེ་ཤེས་བླ་མེད་འདི་ནི་རབ་བསྒྲུབས་ནས། །ཕྱི་དུས་མོད་ལ་དེ་ནི་འཇིག་རྟེན་དུ། །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཟླ་འོད་གཞོན་ནུར་གྱུར་པ་བདག་ཉིད་ཀྱི། །ལུང་བསྟན་འདི་ཐོས་དགའ་བ་རྒྱས་གྱུར་ཏེ། །ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་བྱེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་བསགས་ནས་འཆི་བའི་དུས་བྱས་མ་ཐག་ཏུ་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་འདས་པ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དགེ་སློང་འཚོ་བྱེད་དེའང་ངའི་བསྟན་པ་འདི་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་གྱི། ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་ཅིག་ཅེས་གསུངས་སོ། །དུས་དེའི་ཚེ་ཁམས་པ་མི་གསུམ་གྱིས་དམ་ཚིག་གི་རྫས་ཅུང་ཟད་ཅིག་གསོལ་བས་ཉམས་འུར། དེ་དགེ་སྐོས་ཀྱིས་ཐོས་ནས་ཁོང་གསུམ་བསྐྲད་པས་སྒམ་པོའི་ལྷ་མཆོད་ཐམས་ཅད་མགོ་རྟིང་ལོག རྗེས་ཅི་ཡིན་གསུང་། རྒྱུ་མཚན་གསོལ་བས། ཁོང་ཚོ་མི་འདུག་ན་ངའང་མི་སྡོད་གསུང་དྲ་ཆུང་རྒྱབ་ཏུ་བསྣམས། སྦ་མཁར་ཕྱག་ཏུ་བཟུང་ནས་ཕེབས་པས་གླིང་གི་སྨད་དུ་ཁོང་གསུམ་དང་མཇལ། ཕ་བོང་སྟེང་མའི་ཁར་བླ་མས་བྲོ་འཁྲབས་ཏེ་ཡར་ཤོག་གསུངས། འོག་མའི་ཁར་ཁོང་གསུམ་གྱིས་བྲོ་འཁྲབས་ཏེ་ཡར་འོང་ཞུ་བས་ཕ་བོང་གཉིས་ཀ་ཞབས་ཀྱིས་འདམ་བརྫིས་པ་ལྟར་གྱུར་ཏོ། །དེར་ལོ་བཅུ་གཉིས་འགྲོ་དོན་མཛད། བདུན་ཅུ་རྩ་ལྔ་པ་ལ་གཤེགས། སློབ་མ་བསམ་གྱིས་མི་ཁྱབ་པ་ལས་མཆོག་གྱུར་དངོས་ཀྱི་གདན་ས་སྒོམ་ཚུལ། སྲས་ཀྱི་ཐུ་བོ་ཁམས་པ་མི་གསུམ། འབའ་རོམ་པ་ལ་སོགས་སྒམ་པོའི་གྲུབ་ཐོབ་བཅོ་བརྒྱད་དུ་གྲགས་པ་རྣམས་སོ། །མར་མི་ལ་གདན་སའི་ཀ་དཔེ་མ་མེད། སྒོམ་པ་ཆེན་པོ་རྗེ་ཟླ་འོད་གཞོན་ནུ་རང་གི་གདན་སར་མངའ་གསོལ་བ་ཡིན། དེའང་རྗེ་སྒམ་པོ་པའི་གཅེན་པོ་རྒྱ་པ་སེ་རེ་དང་། ཡུམ་ཚེ་ལྕམ་གཉིས་ལ་སྒོམ་པ་སྐུ་མཆེད་གསུམ་འཁྲུངས་པའི་བར་པས་མི་ཆོས་གཟུང་། བགྲེས་པ་ཚུལ་ཁྲིམས་སྙིང་པོ། ཆུང་བ་ཤེས་རབ་བྱང་ཆུབ།