R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༣༣ན
[A:༣༣ན] ཁྱིའི་ལོ། གོང་ལོ་དགུ་བཅུ་གཞེས་དུས་ཕར་ཕྱིན་ཚར་གཅིག་གསུངས། གོ་གཅིག་པ་ལ་བཀའ་འབུམ་དང། གོ་གཉིས་པ་ལའང་གུང་རུ་རྒྱལ་བཟངས་པས་གཙོས་པ་དུས་འཁོར་རྒྱུད་འགྲེལ་གསུངས། ཆོས་ཕྲན་བརྩམས་པ་དང། གསུངས་པ་ནི་ཚད་མེད་ལ། གོ་གཉིས་པའི་དུས་བྱི་བའི་ལོའི་ཟླ་བ་དགུ་པ་ལ་ཆེ་རྟོག་ཕྲེང་རྒྱུད་ཀྱི་ཊིཀྐའི་རྩོམ་གཞི་མཆོད་རྗོད་གཅིག་ཀྱང་མཛད་འདུག། ཊིཀྐ་ངོ་བོ་མ་གྲུབ་པ་ནི། ཡི་གེ་པས་འཐེགས་པ་མ་སྟོར། རྗེ་རིན་པོ་ཆེ་ཉིད་ནི་སྐེལ་བ་མི་མངའ་བའི་ཆོགས་རྣམས་ཐོབ་པ་དང། ལྷའི་མིག་གི་མངོན་ཤེས་དང་ལྡན་པས། དྲུང་ན་ཡོད་པ་རྣམས་ཀྱིས་ད་སྤྱན་གྱིས་མི་གཟིགས་ཞུས་ན་མ་རྟོགས། ས་རིབ་ནས་ཀྱང་ཕྱག་དཔེ་གཟིགས་པ་ལ་ཐོགས་པ་མེད་པ་དང། རྩོལ་གྲུབ་མི་མངའ་བའི་ཕྱིར་རོ། དེས་ན་ལ་ལ་ལ་དེ་ཡོད་དེ། ལ་ལ་ལ་དེ་མེད། དེས་ན་ཁྱེད་སྟོབས་མཉམ། རྩལ་མཉམ། བང་མཉམ་པ་གང་ཀྱང་ཡོད་པར་མ་མཐོང་པའི་ཕྱིར་རོ། དེས་ན། རྒྱ་གར་རྒྱ་ནག་བལ་པོའི་ཡུལ་དང། གངས་རིའི་ལྗོངས་དང་ས་གསུམ་གང་ནའང། ཁྱོད་དང་མཚུངས་པའི་མཁས་གྲུབ་གཞན་མེད་ཅེས། ལྷ་མི་ཀུན་གྱིས་ཁྱོད་ཉིད་མཆོད་ལ་འདུད། ཅེས་ཕྱག་འཚལ་བ་ཡིན་ནོ། ལྷ་རྣམས་ཀྱིས་དུས་དུས་སུ་མེ་ཏོག་གི་ཆར་འབེབས། སྤོས་ཀྱི་དྲི་འབུལ། རོལ་མོའི་སྒྲ་སྒྲོག། མི་རྣམས་ཀྱིས་ནི་རང་ལ་གང་ཡོད་ཀྱི་འབྱོར་པས་མཉེས་པར་བྱེད། ཀླུ་རྣམས་ནི་བཀའ་ཇི་ལྟར་བགོ་བ་བཞིན། ཆར་བཏོང་པ་དང། སྐྱེས་འབུལ་བའང་ཡོད་དེ། ཀླུའི་བུ་དང་བུ་མོ་དང། རྒྱ་མཚོའི་མཐའི་སྦུ་བ་དང། རུས་སྦལ་དང། འབྲུག་གི་རུས་པ་ལས་གྲུབ་པའི་ཕྲེང་བ་དང། རིན་པོ་ཆེའི་བྱེ་བྲག། པདྨ་ར་ག་དང། ཨིནྜ་ནི་ལ་དང། མར་གད་དང། ཀར་ཀེ་ཏ་དང། པུ་ག་དང། མལ་ཤེལ་དང། མུ་ཏིག་དང་། ག་པུ་དང་གསེར་ལ་སོགས་པ་ལྟོས་མེད་དུ་འབབ་པར་