R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 470
[A:470]རིགས་བསྡུས་ཀྱི་སའི་ཆོ་གའི་གར་དང་བགེགས་གཞོམ་དང༌། མེ་ཏོག་འབུལ་བ་དང༌། མཆོད་པ་སྟེ་དེ་དག་གི་གར་དང༌། དུས་འཁོར་གྱི་ས་གར་དང༌། དཀྱིལ་འཁོར་སོ་སོའི་སྟངས་སྟབས་དང༌། ལམ་འབྲས་སོགས་ཀྱི་ལུས་སྦྱོང་འཕྲུལ་འཁོར་སོགས་དང༌། ཕུར་པའི་རྩ་འཆམས་སོགས། གཟོར་གིང་བཅས་པ་དང༌། ཆ་ལང༌། སིལ་སྙན་གླིང་བུ་རྒྱུད་མང་དྲིལ་དཀྲོལ་སོགས་སོ། །ངག་བཟོ་གར་རྣམས་ཀྱི་གླུ་དང༌། ཡོག་དབྱངས། ཆོས་སྐྱོང་གུར་ཞལ་པུ་ཏྲ་སོགས་ཀྱི་བསྐང་མདོས་ཀྱི་དབྱངས་ཆེན་དྲུག་ཅུ་རྩ་གཉིས། ཕུར་པ་ཚེས་བཅུ་བཅས་པའི་དབྱངས། གོང་བསྟོད་ཀྱི་གདངས་སོགས། མཁས་པར་གྲགས་པ་རྣམས་ཀྱི་དྲུང་དུ་ངེས་འདྲོངས་མང་དུ་སྦྱངས་ཤིང༌། དེ་དག་གི་བརྒྱུད་པ་འདྲེན་སྲོལ་མི་འདུག་ཀྱང༌། རང་དགར་མི་ཤེས་པས་བརྒྱུད་པ་བར་མ་ཆད་པ་དོན་གྱིས་ཐོབ། རང་ལོ་དྲུག་པར་ཡི་གེ་གཟབ་བཤུར། དེ་ནས་རིམ་པར་ལཉྫ་ཝརྟུ། འབྲུ་མ། གོང་དཀར་ཡིག་གསར་སོགས། བཀྲ་ཤིས་ཆོས་སྡེར་རིག་འཛིན་སྨན་ལུང་པའི་དངོས་སློབ་བློ་གྲོས་ནོར་བུ་ལ་ལོ་ཆེན་ཆོས་སྐྱོང་བཟང་པོའི་སུམ་རྟགས་འགྲེལ་པ་ནས་རི་མོ་ཞུས། ཉི་གླིང་དུ་རྩིས་ཕྲན་བུ་ཞུས། དེ་ནས་མཁས་པའི་སྤྱོད་ཡུལ་ཕྱི་ནང་ཐུན་མོང་བའི་རིག་གནས་ཆེན་པོ་རྣམས་ལ་ཚྭ་རན་བལྟས་པ་འདི་འདྲ་ཡི་གེར་དགོད་པའི་འོས་མིན་རུང༌། གཙོ་བོར་སྐྱེ་བ་ཕྱི་མ་རྣམས་སུ་སློབ་པའི་རྟེན་འབྲེལ་དང༌། ས་བཅད་འདི་མ་སྟོངས་ཙམ་དུ། དབུ་མཛད་ཚེ་དབང་བསམ་གྲུབ་ལ་ཐུབ་པའི་དབུ་ཕྱག་ཞབས་གསུམ་གྱི་ཐིག་བཅས། ཕ་མའི་ངག་མ་བཅག་ཙམ་དུ་གསོ་བ་རིག་པའི་རྩ་རྒྱུད་ནས་ཅུང་ཟད་ཟིན། ཉི་གླིང་རིན་པོ་ཆེའི་ཞབས་དྲུང་དུ་སྒྲ་མཚམས་སྦྱོར་ལྔ་པའི་རི་མོ་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་ཞུས། དེ་སྐབས་སུ་ས་གཞོང་ལ་དུང་དཀར་དང་ཤ་ཤ་དྷ་ར་བྲིས་པའི་ས་གཉིས་སྤྲལ་དཔྲལ་བར་བྱུག་ཅིང་སྔགས་དེ་ཉིད་བརྗོད་པ་སྒྲ་དབང་ཞེས་པ་ཐོབ། རྗེ་བླ་མས་གྲྭ་ཐང་གནས་ཆུང་