R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 29b
[B:29b]ཁར་ཕེབས། དགོས་ཀྱི་ས་བདག་ལ་རིན་གནང་། གཟིམ་ཁང་དང་གཙུག་ལག་ཁང་ཁྱད་པར་ཅན་བཞེངས། གསེར་གྱི་བཀའ་འགྱུར་དང་༑ ཞལ་ལུའི་ཐུགས་རྗེ་ཆེན་པོའི་མཆེད་ཟླ་སྤྱན་དྲངས། རྡོ་རྗེ་འཆང་གི་གསེར་སྐུ་ལ་སོགས་པ་བཞེངས། ཐུགས་དམ་འཕྲིན་ལས་རྒྱས་པའི་ངང་ནས་དགུང་ལོ་སུམ་ཅུ་ལ་ཧོར་ཐོ་གན་རྒྱལ་པོས་དྷརྨ་ཀིརྟི་ལ་སོགས་པའི་གདན་འདྲེན་པ་གཏང་། ཏི་ཤྲིའི་མཚན་བོད་ནས་གསོལ། གཅུང་པཱ་ལེན་དབང་གི་ལས་ཁ་དང་། ཆུ་མིག་ཁྲི་སྐོར་གྱི་འདབ་སྒོ་གནང་ནས་གདན་དྲངས། ལམ་ཁར་སྨ་ཆུས་རབ་ཕྱེ་བ་ལ་སོགས་པའི་གྲུབ་རྟགས་དུ་མ་དང་བཅས་ཏེ་གོང་དུ་ཕེབས། ཏི་ཤྲི་མཛད་ནས་ཟླ་བ་དྲུག་ན་རྒྱ་
[A:62]ཡུལ་དུ་གཤེགས། གཅུང་པོ་དབང་གྲགས་པ་རྒྱལ་མཚན་པ་ནི། མེ་ཕོ་བྱི་བ་ལ་ཡབ་གཤེགས་ནས་ཟླ་བ་དྲུག་ན་འཁྲུངས། བླ་མ་དམ་པ་དང་གཅེན་དང་། ཆོས་རྗེ་རྒྱལ་སྲས་པ་ལ་སོགས་པ་མང་དུ་བསྟེན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྐུ་སྨད་ལ་སྟག་ཤམ་ཡོད་པར་གྲགས། དབང་གི་ལས་ཁ་དང་ཐོང་ཇི་གཡས་གཡོན་གྱི་ཁྲིམས་ར། ཧུ་ཤྲཱི་དབང་ཧུ་ལ་སོགས་པ་རྒྱལ་པོས་གནང་། བླ་མ་ལ་མཆོག་ཏུ་གུས། ཁྱད་པར་ཁྱུང་པོ་རྣལ་འབྱོར་གྱི་སྐུ་སྐྱེ་ཚུལ་ཁྲིམས་མགོན་པོ་བ། སྐྱོར་མོ་ནས་འབད་པ་དུ་མས་གདན་དྲངས། བདེ་ཆེན་གྱི་གཟིམ་ཁང་བརྩིགས་ནས་ཕུལ། དེ་ཡང་འུ་ལག་དང་ལྷན་ཅིག་བདག་ཆེན་ཉིད་ཀྱིས་ས་རྡོ་སྐྱས། རྫོང་ཁའི་གཟིམས་ཁང་གི་བདེ་ཆེན་ཕྱོགས་ལ་འཆོང་རྩེ་གསར་དུ་གཏོད་ནས་ནང་ཕྱག་ནུབ་ཕྱག་རྒྱས་པར་མཛད་པ་སོགས༑ ཐུགས་དམ་གྱི་ངང་ནས་དགུང་ལོ་ཞེ་གཅིག་པ་མེ་ཕོ་འབྲུག་ལོའི་ཟླ་བ་དང་པོའི་ཉེར་གཉིས་ལ་རྫོང་ཁའི་རྙིང་མར་སྐུ་