R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 27a
[B:27a]ནས་ཉིན་མཚན་ཆོས་ཀྱིས་མདའ་བར་མཛད༑ ཏའི་སི་ཏུ་བྱུང་བ་རྒྱལ་མཚན་གྱིས་བསམ་ཡས་ཀྱིས་ཆོས་གཞི་དང་། ས་སྐྱའི་སྐྱོང་དར་མཛད་པའི་སྙན་བསྐུལ་གྱི་ཞུ་ཡིག་རིམ་པར་ཕུལ་བ་ལ། ཐུགས་ཁྲེལ་བཀའ་སྐྱོན་ཐུགས་འབྱུང་གི་བཀའ་ཤོག་ནའང་། བྱ་བྲལ་གྱི་ངང་ནས་ཕྱག་རྫས་གང་བྱུང་ཐམས་ཅད་བསམ་ཡས་ལ་སོགས་པའི་ཞིག་གསོས་དང་། བོ་དོང་བསམ་ཡས་གཉིས་སུ་དགེ་འདུན་ཤིན་ཏུ་མང་པོར་བསགས་ནས་མདོ་སྔགས་ཀྱི་ཆོས་འཁོར་ཤིན་ཏུ་ངོ་མཚར་བ་བསྐོར་བའི་བསྙེན་བཀུར་འབུལ་སྣོད་དཔག་མེད་མཛད་པ་ལ་སོགས་པའི་སྦྱིན་པ་དང་། སྡོམ་གསུམ་གྱི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་ངང་ནས་རབ་བྱུང་བསྙེན་རྫོགས་སྟོང་ཕྲག་ལྔ་ལྷག་ལ་སོགས་པ་མཐའ་ཡས་པའི་མཁན་པོ་དང་། དབང་བསྐུར་སེམས་བསྐྱེད་གྲངས་མེད་པའི་སློབ་དཔོན་མཛད། ཚུལ་ཁྲིམས་རྒྱ་
[A:57]ཆེར་སྤེལ་བའི་ཚུལ་ཁྲིམས། དེ་དུས་ཀྱི་ས་སྐྱ་པའི་ནང་ཞིག་དང་། ཤེད་ཆེ་ཆེས་ཆུང་ཆུང་འཛོམས་པའི་སྡེ་འཁྲུག་ལ་སོགས་པའི་ལོག་སྒྲུབ་བཟོད་པའི་བཟོད་པ་དང་། ཉིན་དལ་བ་དོན་མེད་དུ་སྐད་ཅིག་ཀྱང་མི་བཞུགས་པའི་བརྩོན་འགྲུས་དང་། སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་མང་པོ་གཟིགས་པ་དང་། སྔོན་དང་ཕྱི་མའི་མཐའ་མང་དུ་མཁྱེན་པའི་ཏིང་ངེ་འཛིན་དང་། ཇི་ལྟ་ཇི་སྙེད་མཐའ་དག་ལ་ཆགས་ཐོགས་མི་མངའ་བའི་ཤེས་རབ་ལ་སོགས་སྟེ། ལུང་རྟོགས་ཀྱི་ཡོན་ཏན་དང་གཞན་ཕན་ཕྲིན་ལས་ཀྱི་ཆ་ལ་འགྲོ་མགོན་འཕགས་པ་རིན་པོ་ཆེ་མན་ཆད་ཀྱི་གདུང་རྒྱུད་གང་ཟག་སུས་ཀྱང་འགྲན་པར་མི་ནུས་པའི་ཡོན་ཏན་དང་ལྡན་པའི་ངང་ནས་དགུང་ལོ་རེ་གསུམ་པ་ལྕགས་མོ་ཡོས་ལོ་ཟླ་བ་དྲུག་པའི་ཉེར་ལྔ་ལ་