R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༤༩
[A:༣༤༩]བྱུང་བ་ལྟར་དམ་པ་དེ་དང༌། རྗེ་བཙུན་དབོན་རིན་པོ་ཆེ་ལ་སོགས་པ་ལ་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་པ་ལམ་ཡོངས་སུ་རྫོགས་པ་ཞིག་གསུངས། ལོ་དེའི་མཇུག་ལ་བོ་དོང་རྫོང་དུ་ཕེབས་ཏེ་སྐུ་མཚམས་ཁོ་ན་ལ་བཞུགས། རྟ་ལོའི་སོས་དེར་མཆོད་རྟེན་ཁང་བུ་བརྩེགས་པ་ཤིན་ཏུ་ལེགས་པ་ཞིག་བཞེངས་པའི་ཞལ་བཀོད། གཟུངས་བཞུགས་ཕྱག་ནས་ཀྱི་བར་དུ་མཛད་དེ། སླར་བོ་དོང་བླ་བྲང་དུ་བྱོན་ཏེ་སྐུ་མཚམས་ཀྱི་ངང་ནས། ལུག་ལོའི་དབྱར་དེ་ཡང་སྣོད་ལྡན་ཁ་ཅིག་ལ་སྦྱོར་བ་དྲུག་གི་ཁྲིད་མཛད། སྟོན་བོ་དོང་རྫོང་དུ་ཐུབ་པ་གནས་བརྟན་བཅུ་དྲུག་གི་ཞིང་ཁམས་ལ་མ་ག་དྷ་བཟང་མོའི་རྟོགས་བརྗོད་ཀྱི་མདོ་བཀོད་དང་བཅས་པའི་ལོག་བྲིས་ཤིག་དང༌། མཆོད་རྟེན་ཁང་བུ་བརྩེགས་གསུམ་བསྒྲིགས་ཤིག་ལ་རབ་གནས་མཛད། ལོ་དེའི་ཟླ་བ་བཅུ་པ་ལ། གྲོམ་སྟོད་ཁའུ་བྲག་རྫོང་ནས་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་བྱོན། ཡར་ལམ་གདོང་ཁར་ཕེབས་ཏེ། ཟླ་བ་གཅིག་ཙམ་བཞུགས་ནས་ཆོས་ཀྱི་རྗེ་གྲུབ་ཆེན་སངས་རྒྱས་དཔལ་བ་ལ་གསུང་ཆོས་ཐོགས་ཤིག་གསན་པར་མཛད། དེ་ནས་རིམ་བཞིན་གྲུབ་པའི་གནས་དེ་ཉིད་དུ་ཕེབས་ཏེ། རྒྱལ་བའི་རྒྱལ་ཚབ་དམ་པ་ཆོས་ཀྱི་རྗེ་ཤཱཀྱ་གྲགས་ཀྱི་ཞལ་སྔ་ནས་དབུ་མཛད་གཉུག་མར་བཞུགས་པའི་སྒྲུབ་ཆེན་དཔོན་སློབ་རྣམས་དང༌། བདག་ཅག་ལ་སོགས་པ་ཕྱོགས་ཀྱི་དད་འདུས་ཁ་ཅིག་དང་བཅས་པའི་ལམ་དུས་སོགས་འཆག་མེད་ཀྱི་ཉམས་ལེན་མཛད་ངེས་ཤེས་པའི་སྡོམ་བརྩོན་བདུན་ཅུ་ཙམ་ལ་གསུང་ངག་རིན་པོ་ཆེ་ཤིན་ཏུ་རྒྱས་པ་ཕལ་ཆེར་རྫོགས་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་སོགས་དབང༌། རྗེས་གནང༌། ལུང་གི་ཚོགས་