R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༡༦༩ན-༥༢༧
[A:༡༦༩ན-༥༢༧] ༄༅། །རྣམ་པ་བཀྲ་བ་ཞིག་བྱོན། ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་ལ་མོས་པའི་རྟེན་དུ་ཆུ་རཱི་རིམ་གྱི་དུང་གཡས་འཁྱིལ་ཞིག་བྱོན་པ་ཕྱིས་ཇོ་བོ་རིན་པོ་ཆེའི་ཕོ་བྲང་གི་ཕྱོགས་སུ་གདུལ་བྱའི་དོན་དུ་སྤྱན་དྲངས་སོ། །གཞན་ཡང་གདུང་གི་ཚལ་པ་ལ་ལ་དག་ལ་རིགས་ལྡན་གྱི་སྐུ་དང། རྒྱུད་སྡེའི་ལྷའི་སྣ་ཚོགས་པ་གསལ་བ་དང་འབུར་དུ་དོད་པ་དང་རི་མོར་བྲིས་པ་ལྟ་བུ་དང། ཨ་ཡིག་ལ་སོགས་པ་གསུང་གི་རྟེན་ཡིག་འབྲུའི་རྣམ་པ་དུ་མ་མཐའ་ཡས་པ་བྱོན་པ་རྣམས་རྒྱས་པར་བརྗོད་ན་ཡི་གེ་མངས་པས་འཇིགས་སོ། །བདག་ཉིད་ཀྱིས་མངོན་དུ་མ་གྱུར་བའི་ངོ་མཚར་བའི་རྟེན་བགྲང་བར་ཡས་པ་སྐལ་བ་དང་ལྡན་པ་སོ་སོའི་དད་པའི་ལག་སྣོད་དུ་འཛིན་པ་ཁོ་ནར་སེམས་སོ། །སྐྱེས་བུ་ཆེན་པོ་འདི་ཉིད་འཇིག་རྟེན་འདིའི་དཔལ་དུ་གྱུར་བའི་ཚེ། རྒྱལ་བ་ཀརྨ་པའི་ཕྱག་ན་མགོན་པོ་འདིའི་དབུ་ལོ་སྦུགས་ཅིག་བཞུགས་པ་རིན་པོ་ཆེ་སྣ་ལྔའི་ཕུང་པོར་གྱུར་ཅིག་ཉག་མ་རེ་རེ་ལའང་རིང་བསྲེལ་གྱི་ཕྲེང་བ་དུ་མ་བལྟམས། རྗེ་ཉིད་ཀྱི་གསོལ་ཇ་བ་ཞིག་ལ་སྔོན་ཚེམས་ཆེ་བ་ཅིག་ཡོད་པ་ལའང་རྣམ་རྒྱལ་མཆོད་རྟེན་གྱི་རྣམ་པ་གསལ་བར་བྱོན། བདག་ལ་ཚེམས་མཆེ་བ་ཅིག་གནང་ཡོད་པ་ལ་བཟོ་དབྱིབས་དུང་ལྟ་བུར་གྱུར་ཅིང་ཨ་ཡིག་གིས་མཚན་པ་བྱུང་ཞིང། རྗེ་འདི་དང་འབྲེལ་བ་བཞག་པ་མཐའ་དག་ལ་རྟགས་ཁྱད་པར་ཅན་བྱུང་བ་ནི་