R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༩བ-༢༠༨
[A:༩བ-༢༠༨] དེ་ནས་དགུང་ལོ་བཅུ་བཞེས་པའི་ཚེ། ཡུལ་མི་ཀུན་གྱི་གསང་སྔགས་རྙིང་མ་བ་འདི་གདུང་རྒྱུས་ཀྱིས་ཆེ་བས། ད་ལྟ་ནས་རིགས་མཐུན་གྱི་ཡུམ་ཁབ་དུ་བཞེས་པ་ཞིག་ལ་གནང་ན། ཕུགས་རབ་ཏུ་བྱུང་བ་ལ་ཐུགས་གཞོལ་ཏེ་གདུང་འཆད་པས། དགུང་མཉམ་གྱི་ཡུམ་བཞེས་པ་འཐད་ཟེར་གླེང་བ་ལ། ཡུལ་དེར་རྐོ་སྐྱུར་གྱི་རྣམ་པའི་ལྟད་མོ་དང་གཞས་རྒྱག་ཆེན་པོ་བྱས། དེའི་ཚེ་ཡབ་ཆེན་གྱི་ཨ་ལྕེ་ར་ལོད་ཟེར་བ་ཅིག་དང། སྲས་གསེར་འོད་སྐྱབས་གཉིས་ཀྱིས་གདོང་རྒྱག་མཛད་པས་ཞབས་བྲོ་གླུ་གཞས་མཁས་པའི་ཐོག་ཆོད། ཡུལ་མི་ཡར་མར་གྱི་ལྟད་ལྟ་མི་ཀུན་གྱི་ལྕམ་སྲིང་དེ་གཉིས་ཀྱི་གླུ་གཞས་འདྲ་བ་ཟེར་ཁ་སྐྱོར་གླེང། དེ་དུས་ཡུལ་མི་རྣམས་ཀྱིས་རེ་མོས་ཀྱིས་སྤྱན་དྲངས། གྲོང་ཅིག་ནས་ཅིག་ཏུ་རྒྱུད་དེ་བསྙེན་བཀུར་ཞུས་པས་ཞག་བར་ཡབ་ཡུམ་གྱིས་རྩས་མི་ཆོད་པར་ལྟ་བུ་བྱུང། ཁྱད་པར་ཡུལ་གྱི་ལྷ་བོན་པ་ཞིག་ཡོད་པས་སྤྱན་དྲངས་ཞག་སྦྲེལ་དུ་ཞབས་ཏོག་ཞུས། ཁོང་གི་བུ་མོ་ལྷ་ཅིག་དཔལ་མོ་ཟེར་བ་ལོ་བརྒྱད་ལོན་ཞིང་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཅིག་ཡོད་པ་དང་ཆུང་གཉེན་མཛད་དགོས་ཤེས་ཞུས། དེ་མཐུན་ཡབ་ཡུམ་དུའང་ནན་གྱིས་ཞུས་པས། དེ་ཀ་བཞིན་ཞལ་གྱིས་བཞེས། འཇིག་རྟེན་པ་ལ་གྲགས་པའི་ཏིག་ཆང་སོགས་མཛད་ནའང། རྗེ་ཉིད་ནི་སྐུ་ཚེ་དཔག་ཏུ་མེད་