R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༤བ-༣༡༨
[A:༦༤བ-༣༡༨] སོགས་ལ་མཁར་ཁའི་བར་དུ་རྟ་གཡར་གནང། ཚེས་བཞི་ལ་གཞིས་ཁ་རིན་སྤུངས་སུ་ཕེབས། བཀའ་བཀོད་ཇི་ལྟ་བ་བཞིན་ཕྱག་ཚ་འབུམ་གཏེར་སོགས་ལེགས་པར་བསྒྲུབས་པའི་ཡོན་དུ། གླང་པོ་ཆེའི་མཆེ་བ། ཁྲོམ་གོས་ཏ་ཧཱུཾ་སོགས། སྤྱི་སྒོས་སུ་འབུལ་ནོད་བསམ་གྱིས་མི་ཁྱབ་པ་གནང་ཏེ། ཞག་བཅུ་སོང་ནས་འདེགས་པ་གནང་བའི་ངུར་མྲྀག་ཇོ་མོ་སྒྲོལ་མའི་གཙུག་ལག་ཁང་དུ་ཞག་པ་མཛད་པའི་གསོལ་འདེབས་སྨོན་ལམ་སོགས་མཐར་ཕྱིན་པ་གནང། སླར་ཡར་སྲིད་དུ་ཕེབས། འབྲོག་སྟག་ལུང་ནས་གཞི་ལེན་པ་བྱོན། རྒྱང་མཁར་རྩེ་ནས་ཕེབས་ལམ་རྒྱུད་པའི་དབྱར་ཟླ་བ་གསུམ་ཙམ་ཞབས་ཏོག་སྒྲུབ་འདུན་དྲག་པོ་ཡོད་ནའང་། གཞིས་ཁ་བའི་སྤྱན་འདྲེན་དེ་བཞིན་ལ་དགོངས་པ་དང་མི་སྦྱར་ཁ་མེད་དུ་འདུག་པས། ད་རེས་བརྟེན་འབྲེལ་མ་འཆུགས་ཙམ་ཞིག་འདི་ཀར་སྒྲུབ་ཅིང། སླད་ནས་སྐབས་དང་བསྟུན་པའི་སྤྱན་འདྲེན་ཀྱང་སྨོན་ཞེས་ཞབས་ཏོག་བཟང་ཤོམས་དང། བླ་བྲེས་ཁྱད་པར་ཅན་གྱི་སྤྱི་འབུལ། རྗེ་དྲུང་དུ་འབུལ་ནོད། དགེ་འདུན་སྤྱིར་གྲལ་འགྱེད་གྱ་ནོམ་པ་དང་བཅས་པ་མཛད། དེ་ནས་དཔལ་བདེར་ཕེབས། ཞག་གསུམ་གྱི་བཀའ་བཞེས་ཡོད་ཀྱང ། ཞུ་ནན་གྱིས་ཞག་ལྔ་བཞུགས་པ་གནང་བའི་བརྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། རིམ་པས་འབྲང་རྣམ་བཞིར་ཕེབས་ཏེ་སྒེར་གཞིས་སུ་ཟླ་རེ་ཙམ་བཞུགས་