R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༤༩
[A:༤༩] དེ་ལྟར་ཡང་གྲགས་པས། སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས། སྤྱན་རས་གཟིགས་དེ་བཅུ་གསུམ་ལོན་ནས་ཡབ་འདས་ནས་ཆབ་སྲིད་ལོ་གྲངས་དྲུག་ཅུ་དགུར་བཟུང་སྟེ་སྤྱིར་ལོ་བརྒྱད་ཅུ་རྩ་གཉིས་ན། འཕྲུལ་སྣང་བཅུ་གཅིག་ཞལ་ལ་ཐིམ་མོ་སྐད། ཅེས་སོགས་བཤད་པ་ལྟར། བརྒྱད་ཅུ་རྩ་གཉིས་པ་ལ་མཛད་པ་རྫོགས་ཤིང་། ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་སོ། དེས་ན་སྲོང་བཙན་སྒམ་པོ། གུང་སྲོང་གུང་བཙན། མང་སྲོང་མང་བཙན། དར་(འདུས) སྲོང་མང་པོ་རྗེ། ཁྲི་ལྡེ་གཙུག་བརྟན་ལྔ་ནི། ཆོས་ཀྱི་སྲོལ་གཏོད་པའི་གདུང་རབས་ཞེས་བྱ་སྟེ། གུང་སྲོང་ཡབ་ཀྱི་སྔོན་ལ་གཤེགས་པས་ཕྱེད་དུ་བྱས་ནས། ཐོ་ཐོ་རི་སོགས་ལྔ་དང་བསྡོམས་པས། སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་ཞེས་བཤད་པ་དེ་དག་ཡིན་ནོ། གསུམ་པ་དར་ཞིང་རྒྱས་པའི་དུས་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་ཡིན་ཏེ། འདི་ལ་ཡང་གསུམ། གཙུག་ལག་ཁང་དང་རྟེན་ལ་བྱ་བ་བྱས་ཚུལ། ལོ་པན་བཤེས་གཉེན་བསྟན་ཚུལ། དམ་ཆོས་བཤད་སྒྲུབ་དར་ཚུལ་ལོ། དང་པོ་ནི། གུང་སྲོང་གི་སྲས་མང་སྲོང་གི་ངོ་ལ། རྒྱ་དམག་བོད་ལ་འདྲེན་ཟེར་བས་འཇིགས་ཏེ། ཇོ་བོ་རིན་པོ་ཆེ་ར་མོ་ཆེ་ནས་འཕྲུལ་སྣང་གི་ལྷོ་སྒོ་མེ་ལོང་ཅན་དུ་གདན་དྲངས་ཏེ། སྒོ་ལ་ཞལ་བ་བྱས་ནས། འཇམ་དབྱངས་ཀྱི་སྐུ་བརྙན་བྲིས་ནས་བཞུགས་སུ་གསོལ་ཏེ། གདུང་རབས་གསུམ་གྱི་ངོ་ལ་མུན་ཁང་དུ་བཞུགས་སོ། དེའི་ཚེ་དུར་(འདུས) སྲོང་གི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྲགས་པ་དེ་ལ། སྲས་ལྗང་ཚ་ལྷ་དབོན་ཞེས་པ་མཚར་བ་ཞིག་ཡོད་པས། དེ་ལ་རྒྱ་མོ་གྱིམ་ཤང་ཞེས་པ་ཞིག་བཙུན་མོར་བླངས་པ་སྲས་་གྲོངས་ནས་མེས་