R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༨༨
[A:༢༨༨]སྐད་ཅིག་ལ། །གཟིགས་ཚེ་བརྡ་སྤྲོད་བྱེད་པ་སརྦཛྙཱ། །སྐབས་གསུམ་བླ་མའི་སྟན་ལས་བབས་སམ་སྙམ། །ཞེས་གསུངས་པ་ཡིན་ནོ། ། དེ་བཞིན་དུ་ཚད་མ་རིག་པ་ཡང་བོད་སྟོན་རྣམས་ལ་མང་དུ་གསན་ཅིང་། ཁྱད་པར་ཁ་ཆེ་པཎ་ཆེན་ལ་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་ཡན་གསན་ནས་བསྒྱུར་ཅིང་ཞུས། སློབ་དཔོན་ཐར་པའི་འབྱུང་གནས་ཞེས་བྱ་བའི་རྟོག་གེའི་སྐད་ཅེས་པའི་བསྟན་བཅོས་གསན་ཅིང་བསྒྱུར། གཞན་ཕྱི་རོལ་རིག་བྱེད་ཀྱི་ཚད་མ་དྲང་སྲོང་ཆེན་པོ་གཟེགས་ཟན་གྱིས་སྦྱར་བའི་རྟོག་གེའི་བསྟན་བཅོས་རིག་པ་ཞེས་བྱ་བ་སོགས་གསན་ཅིང་། མདོར་ན་སྡེ་བདུན་མདོ་དང་བཅས་པའི་ཡན་ལག་ཐམས་ཅད་ཐུགས་སུ་ཆུད་ཅིང་། དེ་དག་གི་དོན་འབྲེལ་བར་བྱེད་པ་ཚད་མ་རིགས་པའི་གཏེར་རྩ་འགྲེལ་གཉིས་མཛད་པ་ཡིན་ཅིང་། ཉིད་ཀྱི་གསུང་ལས། ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ་ནུས་ཤིང་། །ཕས་རྒོལ་ཉི་ཟླའི་གཟི་བརྗིད་ཟ་ནུས་ཀྱང་། །རྟག་ཏུ་སྐྱེ་བོ་ཀུན་གྱིས་མ་མཐོང་བའི། །ཀུན་དགའ་རྒྱལ་མཚན་ནམ་མཁའི་སྒྲ་གཅན་འདྲ། །ཞེས་གསངས་ཤིང་། །བསྟོད་པ་མཛད་པས་ཀྱང་། །ཚད་མ་གསུམ་གྱི་གནས་གསུམ་གཞལ་བྱའི་དོན། མ་ལུས་རྟོགས་པས་སྒྲུབ་དང་སུན་འབྱིན་གྱི། །མ་རྟོགས་ལོག་རྟོག་ཐེ་ཚོམ་ཚར་གཅོད་པར། །སྡེ་བདུན་མཛད་པའི་བློ་བདུན་ཁྱོད་ཀྱི་མཚན། །ཞེས་གསུངས་སོ། ། ཡང་སྡེབ་སྦྱོར་གསན་པའི་ཚུལ་ཡང་། པཎྜི་ཏ་སངྒ་ཤྲཱི་ལ་དམར་སེར་དང་རྒྱལ་བའི་ལྷས་མཛད་པའི་སྡེབ་སྦྱོར་གྱི་གཞུང་། ཁྱད་པར་དེ་དག་ལས་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་དུ་འཕགས་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་